ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ ༢༠༡༩ ཟླ་ ༦ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༥ ཚེས་ ༣༠ ནས་ཉིན་གྲངས་གསུམ་རིང་ཐེ་ཝན་ཤིན་ཀྲུའུ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཡེ་ཤུ་གསུང་རབ་ཆོས་གླིང་གི་ཚོམས་ཆེན་ནང་ཐེ་ཝན་ཡེ་ཤུ་ཚོགས་པ་དང་། རྒྱ་ནག་ལ་རོགས་སྐྱོར་ཚོགས་པ། ཐེ་ཝན་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སེམས་ཁུར་གནང་མཁན་གྱི་ཚོགས་པ་སོགས་མཉམ་འབྲེལ་འོག ཐེ་ཝན་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆེན། ཞེས་པ་ཞིག་བསྐོང་ཚོགས་གནང་ཡོད། ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་ཐེ་ཝན་སྲིད་འཛིན་ལྕམ་ཚའེ་དབྱིང་ཝིན་མཆོག་ཕེབས་ནས་གསུང་བཤད་གནང་བ་དང་། ཁོང་གིས་རྒྱ་ནག་གི་གནས་སྟངས་སྐོར་གསུང་སྐབས། རྒྱ་ནག་ནང་གི་ཡེ་ཤུའི་ཆོས་པ་གྲངས་ཉུང་ཚོར་གཞུང་གིས་གཉའ་གནོན་བྱས་པ་མ་ཟད། བོད་བརྒྱུད་ནང་བསྟན་ལའང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་པ་དང་། ཕྱོགས་མཚུངས་ཡུ་གུར་ཁ་ཆེའི་ཆོས་པ་ཚོར་ཡང་དེང་སྐབས་རྒྱ་ནག་གཞུང་གིས་ཕྱི་ཚུལ་ཙམ་ལ་སློབ་གསོའི་རྭ་བ་ཟེར་ཡང་། ནང་དོན་ཆོས་དད་ཀྱི་བསམ་བློར་སྒྱུར་ཐབས་བྱ་རྒྱུའི་སྲིད་བྱུས་འོག ཁ་ཆེ་བ་དེ་དག་དོ་དམ་བཀག་སྐྱིལ་བྱེད་བཞིན་པ་སོགས་ཀྱི་སྐྱོན་བརྗོད་ནན་པོ་བྱས་ཡོད།
ཕྱི་ཚེས་ ༣༠ ཉིན་ཕྱེད་ཡོལ་དུ་བོད་དང་ཡུ་གུར་མི་རིགས་ཀྱི་ཚོགས་ཆེན་སྐབས། ཐེ་ཝན་གྱི་སྲིད་འཛིན་གཞོན་པ་དངོས་སུ་ཕེབས་ཡོད། སྐབས་དེར་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་སྒྲོག་སྦྱང་ཞུས་འདུག་པ་མ་ཟད།
དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བརྙན་པར་དང་བཅས། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་གསལ་འདོན་གནང་བ་དང་སྦྲགས་ད་ཆ་བོད་མི་ཚོས་འ་ཆད་འུ་ཐུག་གི་གནས་སུ་ལྷུང་ནས་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་བྱེད་བཞིན་ཡོད་པ་མ་ཟད། རང་སྲེག་ལས་འགུལ་སྤེལ་སྐབས་བོད་མི་དེ་དག་ཁྲོད་མང་པོ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པ་དང་། བོད་ནང་རང་དབང་དགོས་པའི་དགོས་འདུན་ཡང་བཏོན་ཡོད་སྐོར་དང་། རྒྱལ་གཅེས་པ་འདས་གསོན་རྣམས་ཀྱིས་ལས་འགུལ་དེ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་དངོས་ཡོད་དཀའ་ངལ་ཐོག་དོ་སྣང་སླེབ་ཐབས་གནང་བཞིན་ཡོད་སྐོར་གསུངས།
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་འབྲོག་པ་རྣམས་ལ་བཙན་དབང་ཐོག་ནས་འབྲོག་ས་ནས་ས་གནས་གཞན་དུ་གནས་སྤོ་བྱས་བཅུག་པ་དང་། བོད་ནང་གི་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་བརྒྱུད། བོད་ཀྱི་རང་བྱུང་ཁོར་ཡུག་བརྗིད་ཆགས་རྣམ་རྩ་མེད་བཟོ་བཞིན་པ་དང་། རྒྱ་ནག་གིས་གཙོས་ཨེ་ཤི་ཡའི་ཡུལ་གྲུ་མང་པོའི་ནང་རྒྱུག་བཞིན་པའི་གཙུང་ཆུ་ཆེ་ཁག་མང་པོ་ཞིག་གི་ཆུ་མགོ་བོད་ནང་ཡོད་སྟབས། རྒྱ་ནག་གཞུང་གིས་གཙང་པོ་དེ་དག་ཐོག་བག་ཚ་སྤུ་ཙམ་མེད་པར་ཆུ་མཛོད་བརྒྱབ་དང་རྒྱག་གཞིན་པ་དེས་རྒྱ་ནག་གིས་གཙོས་གཤམ་འོག་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་ནང་གི་མི་གྲངས་ས་ཡ་མང་པོར་གནོད་འཚེ་ཡོང་གི་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད།
གཞན་ཡང་སྐབས་དེར་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས། གཙོ་ཆེར་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མ་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པ་དང་། བོད་ནང་གི་ནང་ཆོས་དེ་རྒྱ་གར་དཔལ་ནཱ་ལེནྜའི་མཁས་པའི་བཞེད་སྲོལ་དྲི་མ་མེད་པར་བོད་མི་ཚོས་ལོ་ངོ་སྟོང་གི་རིང་ནས་རྒྱུན་འཛིན་གཅེས་ཉར་བྱས་པ་དང་། བོད་ཀྱི་གནས་སྟངས་དེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁོ་ནའི་གནད་དོན་ཙམ་ཞིག་མིན་པར། འཛམ་གླིང་གི་གཅེས་ནོར་དུ་ངོམས་སུ་ཆོག་པའི་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ཆགས་འཇིགས་ཀྱི་གནས་སུ་ལྷུང་བར་བརྟེན་དུས་ཚོད་ཧ་ཅང་གཉན་འཕྲང་ཅན་ཞིག་ཡིན་སྐོར་དང་།
རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་ལ་དམ་བསྒྲགས་ཤུགས་ཆེ་བྱས་པ་དང་། བོད་མི་གཞོན་སྐྱེས་ཚོར་དགོན་པར་མཆོད་མཇལ་ཞུ་མ་བཅུག་པ་མ་ཟད། ཆོས་ཞུགས་བྱེད་མ་བཅུག་པར་དགེ་འདུན་ཞལ་གྲངས་ལ་ཚད་བཀག་བཟོས་པ་སོགས་ལ་བརྟེན། ལྟག་ཆུ་ཆད་པའི་རྫིང་བུ་ལྟར་ཆགས་འགྲོ་བ་དང་། སློབ་གྲྭར་མཚོན་ན་བོད་ཕྲུག་ཚོར་རྒྱ་ཡིག་མ་གཏོགས་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་མ་སྤྲད་པ་མ་ཟད། གུང་སེང་སྐབས་སུའང་བོད་ཕྲུག་ཚོར་དགོན་པ་སོགས་ནང་བོད་ཡིག་ཟུར་དུ་སྦྱོང་རྒྱུའི་ཐད་ལའང་དམ་བསྒྲགས་བྱས་པ། གལ་ཏེ་རྒྱ་ནག་གཞུང་གི་བཀའ་དེར་སྲུང་བརྩི་མ་བྱས་ཚེ་བོད་མི་དེ་དག་བཙོན་འཇུག་དང་། བཀག་སྐྱིལ་བྱས་པ། ཉེས་མེད་ཉེས་འཛུགས་ཀྱི་སྲིད་བྱུས་དེ་དག་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་རིམ་བཞིན་རྩ་མེད་བཟོ་རྒྱུའི་ངན་སེམས་འཆང་བཞིན་ཡོད་སྐོར། སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་ནི་ས་གནས་ཀྱི་རྒྱ་ནག་དཔོན་རིགས་རེ་ཟུང་གིས་ཧུར་བརྩོན་ཆེན་པོས་བྱས་པ་ཙམ་མིན་པར། རྒྱ་ནག་གཞུང་གིས་བོད་ཁྱོན་ཡོངས་ལ་འཛིན་པའི་སྲིད་བྱུས་ཤིག་ཡིན་པ་སོགས་ངོ་སྤྲོད་གནང་ཡོད།
ཐེངས་འདིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆེན་ཐོག་རྒྱལ་ཁབ་འདྲ་མིན་ཁག་བཅུ་གྲངས་ཤིག་ནས་གྲོས་ཚོགས་འཐུས་མི་དང་། ཆོས་ལུགས་དང་ཆབ་སྲིད་སོགས་གནད་ཡོད་མི་སྣ་བརྒྱད་ཅུ་ལྷག་མཉམ་ཞུགས་གནང་ཡོད་པ་དང་། གཙོ་བོ་རྒྱ་ནག་ནང་ཆོས་དད་རང་དབང་ཐོག་བཙན་གནོན་བྱེད་བཞིན་ཡོད་པའི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།
གཞན་ཡང་ཕྱི་ཚེས་ ༢༩ ཉིན་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཐེ་ཝན་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གཉིས་ལ་གཟིགས་སྐོར་དང་། གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་སོགས་ཐུག་འཕྲད་གནང་ཡོད་པ་མ་ཟད། ཕྱི་ཟླ་ ༦ ཚེས་ ༡ ཕྱི་དྲོ་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་གྱིས་ཐེ་ཝན་ནང་གི་ལས་རིམ་ལེགས་གྲུབ་ཐོག་ཨ་རིར་ཕྱིར་ཕེབས་གནང་ཡོད་པ་བཅས། །