ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ལོ་ན་བཅུ་དྲུག་ལས་མ་སོན་པའི་བུད་མེད་ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་གྷེ་རེ་ཊ་ཐན་བྷག་ Greta Thunberg ལགས་ཀྱིས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཆེད། ཁོར་ཡུག་ལ་བརྟེན་པའི་དཀའ་ངལ་ཇི་འཕྲད་སོགས་སྐོར་གོ་རྟོགས་ལས་འགུལ་རྒྱ་ཆེ་སྤེལ་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་གིས་རྒྱབ་སྐྱོར་རྒྱ་ཆེ་མཛད་པའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ཚན་རིག་གི་གྲུབ་དོན་དང་། དངོས་ཡོད་ཛ་དྲག་གི་གནས་སྟངས་གཞིར་བཟུང་། ཁྱེད་ཀྱིས་མི་མང་སྤྱི་དང་། ལྷག་པར་གཞོན་སྐྱེས་ཚོ་གཉིད་ལས་དཀྲོགས་ཏེ། ད་ཆ་མང་ཚོགས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཐོག་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་མཐོང་སྐབས། སྙིང་སྟོབས་འཕེལ་བཞིན་འདུག ངོས་རང་ཡང་ཁོར་ཡུག་སྲུང་སྐྱོབ་ཐོག་འབད་བརྩོན་ཤུགས་ཆེ་བྱེད་མཁན་ཞིག་ཡིན། གོ་ལ་ཧྲིལ་པོ་འདི་རྩ་མེད་བཟོ་རྒྱུའི་ནུས་པ་མི་ཁོ་ནར་ཡོད་པ་ང་ཚོས་ཤེས་གསལ་རེད། གོ་ལ་རྩ་མེད་བཟོ་ཐུབ་པ་ལྟར་སྲུང་སྐྱོབ་བྱ་རྒྱུའི་ནུས་པ་དེའང་མི་ལ་ཡོད། ང་ཚོར་སྡོད་གནས་གོ་ལ་ཧྲིལ་པོ་འདི་ཁོ་ན་ལས་མེད། ཅེས་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་མཆོག་ནས་ལས་འགུལ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་མཛད་པ་དང་སྦྲགས། ལས་དོན་ལམ་ལྷོངས་ཡོང་བའི་ཐུགས་སྨོན་དང་འཚམས་འདྲི་རྒྱ་ཆེ་མཛད་པ་བཅས། །