ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ Arunachal Pradesh དང་ཨོ་ཌི་ས་ Odisha མངའ་སྡེ་གཉིས་ཀྱི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཉེ་ལམ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག
དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་འཚམས་འདྲི་མཛད་དོན། “ངོས་རང་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་བསྐྱོད་སྐབས་སྐུ་ཉིད་ཀྱིས་གྲོགས་པོའི་འདུ་ཤེས་དང་། མང་ཚོགས་ཀྱིས་སེམས་ཐག་ཉེ་བའི་མཛའ་བརྩེའི་རྣམ་འགྱུར་བཏོན་པར་ཡི་རངས་ཞུ་བཞིན་ཡོད། ཟླ་བ་སྔོན་མར་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ་རེད། ངོས་ཀྱིས་གོ་སྐབས་འདི་བརྒྱུད་མངའ་སྡེའི་གཞུང་མང་གཉིས་ནས་ས་གནས་བོད་མི་རྣམས་ལ་ད་ཕན་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཟེར་གྱི་ཡིན།” ཞེས་འཁོད།
ཕྱོགས་མཚུངས་ཨོ་ཌི་ས་ Odisha མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ན་ཝིན་པཌ་ནེཀ་ Shri Naveen Patnaik མཆོག་ལ་འཚམས་འདྲི་མཛད་དོན། “འདས་པའི་ལོ་ཤས་ནང་ངོས་རང་ཨོ་ཌི་ས་མངའ་སྡེའི་ནང་ཡང་ཡང་བསླེབས་པ་རེད། ཕྱི་ལོ་ ༢༠༡༧ ལོར་མཇལ་འཕྲད་བྱུང་བ་རེད། སྐུ་ཉིད་མཆོག་དང་མཇལ་ནས་བཀའ་མོལ་ཞུ་རྒྱུ་བྱུང་བར་དགའ་པོ་བྱུང་། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་མངའ་སྡེའི་གྷ་ཇ་པ་ཏི་ Gajapati རྫོང་ནང་དུ་ཅནྡྲ་གི་རིའི་ Chandragiri ས་གནས་སུ་བོད་མི་བཙན་བྱོལ་བ་རྣམས་ཀྱི་སྡོད་གནས་གཞིས་ཆགས་ཤིག་ཡོད། བོད་མི་དེ་དག་ལ་ད་བར་མཐུན་འགྱུར་རོགས་རམ་གནང་བར་ངོས་ཀྱིས་གོ་སྐབས་འདི་བརྒྱུད་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ” ཞེས་འཁོད་འདུག
གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོང་གི་མངའ་སྡེ་གཉིས་ཀའི་ནང་ཉེ་ལམ་ནས་བཟུང་དབུལ་ཕོངས་ཉམ་ཐག་རྣམས་ཀྱིས་གཙོས་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་ཕྱིན་པ་དེར་ཡི་རངས་བསྔགས་བརྗོད་རྒྱ་ཆེ་མཛད་པ་དང་སྦྲགས། སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་བྱུང་འགྱུར་མི་མང་གི་མངོན་འདོད་ཡིད་བཞིན་དུ་འགྲུབ་པ་དང་། ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་མཛད་འདུག །