ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༢ ཉིན་གྱི་སྔ་དྲོར་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་ལས་ཐོག་ཡོངས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་ཡོད། དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་བར་ཆད་ཀྱི་རིགས་ཞར་ཡང་མི་བཞེས་པར་སྐུ་ཁམས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་བགེགས་མེད་ལྷུན་འགྲུབ་ཡོང་ཆེད་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་སྲི་ཞུ་བ་རྣམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཆོག་པ་ཇི་ལྟར་སངོན་ནས་གསོལ་བ་བཏབ་པ་བཞིན་བཀའ་བཞེས་པོ་སྨིན་སྩལ་ཐོབ་པ་ལྟར།
གཞུང་བསྟེན་བསྟན་སྲུང་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་བཞིན་ྋརྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ནང་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་མཁའ་འགྲོ་བསུན་བཟློག་གི་བརྟན་བཞུགས་རྒྱས་པ་ལྷ་མི་ཟུང་འབྲེལ་གྱིས་བསྟར་འབུལ་ཞུ་རྒྱུར་ཉིན་གྲངས་དྲུག་རིང་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྣམ་གྲྭ་མཁན་རིན་པོ་ཆེས་དབུས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་ཆོག་གྲྭ་དགེ་འདུན་ཞལ་གྲངས་ ༤༥ སྐོར་ནས་སྐུའི་ཚེ་སྒྲུབ་དང༌། བཀའ་འབྲེལ་སྐུ་སྒེར་ཡིག་ཚང་ནས་སྒྲོལ་མ་ལས་བཞིའི་འབུམ་ཚོགས། ཚེ་སྒྲུབ་འབུམ་ཐེར་རྣམ་གྲྭ་མཁན་ཟུར་བྱ་དོར་རིན་པོ་ཆེས་དབུས་སྤྲུལ་སྐུ་རྣམ་བཞི། གནས་དགའ་བརྟན་མ་བཅས་ཀྱི་སྐུ་རྟེན་རྣམ་གསུམ། ཆོག་གྲྭ་བཅས་ནས་ཉིན་གྲངས་བཅུ་དང་རྒྱུན་མཐུད་ཐུན་སྒྲུབ་བཅས་སྔོན་དུ་སོང་བའི་ཐོག་ནས་དེ་རིང་བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༢ ཚེས་ ༢༠ ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༢ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་ཡོད།
དེ་ཡང་བཞུགས་སྒར་ཕོ་བྲང་ཚོམས་ཆེན་གྱི་རྟེན་མཆོག་སྤྱན་ལྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང༌། ཚོགས་མཆོད་འབུལ་བཤམས་དང་སྦྲགས་སྔ་དྲོ་ཆུ་ཚོད་ ༦།༠༠ ཐོག་དཔལ་ལྡན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང༌། སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོག་གྲྭ་འདུས་ཚོགས་ནས་སྐུའི་ཚེ་སྒྲུབ་གསུང་ཆོག་གནང༌། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༥༠ ཐོག་བཙན་བྱོལ་བོད་གཞུང་མང་གཙོའི་བཀའ་བ་གསུམ་གྱི་མཛད་གཙོ་རྣམས་ཀྱིས་གཙོས་བཞུགས་སྒར་དུ་ཡོད་པའི་ལས་བྱེད་ཆེ་ཕྲ་ཡོངས་དང་།
ཕྱོགས་མཐའ་ནས་ཕེབས་པའི་ས་གནས་ཁག་གི་འགོ་འཛིན་རྣམས་ཕོ་བྲང་ཚོམས་ཆེན་ནང་འདུ་འཛོམས་ཀྱིས་ཆུ་ཚོད་ ༨།༣༠ ཐོག་རྣམ་གྲྭ་དགེ་འདུན་པས་དུང་རྒྱ་སེར་ཕྲེང་བསྟར་སྒྲིག་དང་ཕོ་བྲང་ཡང་སྟེང་ནས་བོད་གཞུང་ཟློས་གར་གྱིས་ཕེབས་བརྡ་རོལ་ཆ་གཏོང་བཞིན་པར། བཀའ་བློན་ཁྲི་པ་མཆོག་གིས་སྤོས་སྣེས་སྔོན་བསུས་ཏེ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གི་གཟིམ་ཆུང་ནས་གདན་ཞུས་ཀྱིས་ཕོ་བྲང་ཚོམས་ཆེན་གྱི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་མཚམས་དབུ་བཞུགས་དཔལ་ལྡན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནས་མཇལ་དར་རྐྱང་འབུལ་མཛད།
དེ་རྗེས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང༌། ྋརྒྱལ་བའི་འཁྲུངས་རབས་གསོལ་འདེབས། པཎ་གྲུབ་བཅུ་བདུན་གསོལ་འདེབས། གུ་རུའི་ཐུགས་དམ་གནད་བསྐུལ་སོགས་ཆོས་སྤྱོད་ཀྱི་རིམ་པ་རྣམས་གསུང་མུར། གསོལ་ཇ་འབྲས་སིལ་རིམ་པར་ཕེབས། ཐོག་མར་བསུན་བཟློག་གི་ཆོ་ག་ལ་རོལ་མོ་བྱིན་འབེབས་སྐབས་བསུན་མའི་མཁའ་འགྲོ་རྣམས་གར་སྟབས་བཅས་ནང་དུ་བཏང་སྟེ་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་དུ་འཁོད། ཆོས་སྐྱོང་སྤྱན་འདྲེན་གྱི་ཐོག་མར་ཚེ་རིང་མཆེད་ལྔ་དང་དེ་ནས་གནས་ཆུང་ཆོས་སྐྱོང་དང་དགའ་གདོང་ཆོས་སྐྱོང་སྐུ་ཕེབས། ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་ནས་དར་སྣེ་གཅོད་འབྲེགས་མཛད་རིམ་བཞིན་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད། ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་མ་འཁོར་བཅས་ལ་ཡོན་དང༌། དར། དཀར་སྤྲོ། ཚོགས་བཅས་ཕུལ་ཏེ་ཕྱིར་བཤེགས
བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་རིག་འཛིན་བརྒྱུད་སྐུལ་གྱི་གསུང་ཚིག་ཐ་མ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཞེས་པའི་མཚམས་སུ་རྡོར་སློབ་ཁམས་སྤྲུལ་རིན་པོ་ཆེ་མཆོག་ནས་ཚེ་མདའ་སློབ་དཔོན་ལ་ཕུལ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་གསོལ་འདེབས་མཎྜལ་རྒྱས་པའི་ས་གཞི་སྤོས་བྱུགས་མའི་མཇུག་མཎྜལ་ལྗགས་བཤད་སྐབས་གཞུང་ཞབས་འདེམས་ལྷན་གྱི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་མཆོག་དང་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་རྣམ་གཉིས་ནས་མཎྜལ་ཚོམ་བུ་ཟུར་འདེགས་ཞུས། མཎྜལ་ལྗགས་བཤད་གྲུབ་པ་དང་ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། ཚེ་ཆང༌། ཚེ་རིལ། ཚེ་མདའ། འབྲང་རྒྱས་ལ། དབང༌། དྲག་པོ། ཞི་བ། རྒྱས་པ་བཅས་དང༌། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཚིག་བསྟུན་གྱིས་འདེགས་འབུལ་ཞུས། དེ་རྗེས་སྒྲོལ་མ་ལས་བཞིའི་ཚེ་རྫས་འབུལ་བཞེས། ཚོགས་རོལ། རྡོར་སློབ་ཁམས་སྤྲུལ་རིན་པོ་ཆེ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ངག་དབང་ཆོས་གྲགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས། འབུལ་དངོས་རྣམས་སྤྱན་ལམ་དུ་བསྟར། ྋརྒྱལ་བའི་ཞབས་བརྟན་དང༌། བསམ་པ་ལྷུན་འགྲུབ། བར་ཆད་ལམ་སེལ་རྣམས་གསུང་མུར་གསོལ་ཇ་གཉིས་པ་ཕེབས།
དེ་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་བཀའ་སློབ་སྩལ་གྲུབ་རྗེས་གཞུང་ཞབས་འདེམས་ལྷན་ཚོགས་གཙོས་གཏང་རག་མཎྜལ་འདེགས་འབུལ་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་གསུམ་བཅས་ལ་མཇལ་ཁ་སྩལ། ཞལ་འདོན་ཉི་གཞོན་འཆར་ཁ་མ་དང༌། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་སོགས་གསུང་རྗེས་མཐར་ཀ་ཁྲི་སྒྲོགས་ཏེ་བརྟན་བཞུགས་ལེགས་པར་གྲུབ།
འབུལ་ཐོའི་ནང་གསལ། བོད་ལྗོངས་ཆོས་སྲིད་ཡོངས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན། གཞིས་བྱེས་བོད་མིའི་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་མཚུངས་ཟླ་མེད་པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ཐུན་མོང་གདུལ་བྱའི་སྣང་ངོར་གྲུ་འཛིན་གཉིས་པའི་ཕོ་བྲང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་ནས་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཐུགས་འགན་བཞེས་མུས་བཅས་ལ་བཀའ་དྲིན་གྱི་ཆ་ཤས་ཙམ་གསབ་ཕྱིར་ཚེ་དཔག་མེད་ཀྱི་གཟུངས་སྔགས་འབྲིང་བ་གྲངས་ ༢༣༦༦༩༨༠ དང་གཟུངས་སྔགས་བསྡུས་པ་གྲངས་ ༡༢༥༠༨༠༥༤ གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ་གྲངས་ ༥༠༤༡ གསོག་སྒྲུབ་ཞུས་པ་དང་ཆབས་ཅིག ྋསྐུའི་ཚེ་ཐར་ཉ་གྲངས་ ༥༥༥༥ དང་བྱ་བྱིའུ་གྲངས་ ༡༢༥ སྲོག་བླུ་ཞུས་ཡོད་པ་མ་ཟད། ར་ལུག་གྲངས་ ༧༦ སོག་ཡུལ་དུ་སྲོག་བླུ་ཞུས་ཐོག་བདག་ཅག་སྙིགས་དུས་ཀྱི་སྐྱེ་བོ་དུག་གསུམ་ཤིན་ཏུ་རགས་པའི་ངན་སྤྱོད་ལ་ཐུགས་སྐྱོ་བསུན་གྱི་རྣམ་པ་ཡེ་ནས་མི་བཞེས་པར་མཐའ་ཀླས་སྐྱེ་རྒུའི་མགོན་སྐྱབས་དཔུང་གཉེན་དམ་པར་ྋཞབས་པད་ྋརྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང༌། རིང་པོར་མི་ཐོགས་པར་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་རང་དབང་ཡོངས་རྫོགས་བདག་གིར་བཞེས་ཏེ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོ་ཕོ་བྲང་པོ་ཏཱ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་ྋཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་བཀོད་ཐོག་གཞིས་བྱེས་བོད་འབངས་རྣམས་ཀྱང་རང་ཡུལ་ཁ་བའི་ལྗོངས་སུ་ལྷན་འཛོམས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ཅི་དགར་ལོངས་སྤྱོད་ཆོག་པ་དང༌། འཛམ་གླིང་ཁྱོན་འདིར་སྙིགས་ལྔའི་རྒུད་ཚོགས་ཞི་ནས་རིགས་དང་མོས་པ་ཐ་དད་པའི་མི་རིགས་ཐམས་ཅད་ཕན་ཚུན་མཛའ་མཐུན་ཞི་བདེའི་དཔལ་ལ་སྤྱོད་ཐུབ་པ། མཁའ་མཉམ་ཡིད་ཅན་སྤྱི་དང༌། བྱེ་བྲག་གཞུང་ཞབས་སྲི་ཞུ་བ་རྣམས་ཇི་སྲིད་བྱང་ཆུབ་མ་ཐོབ་བར་ཚེ་རབས་ཀུན་ཏུ་འབྲལ་མེད་མཉེས་ཤིང་རྗེས་སུ་འཛིན་པ་བཅས་སྐྱབས་འཇུག་གསོལ་འདེབས་ཞུས་ཡོད་པ་བཅས།།