ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གར་འབྲེལ་ཡོད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ ཉིན་གནས་ཚུལ་འབྱོར་གསལ། ཨ་མདོ་རེབ་གོང་ཞེས་པའི་ཡུལ་ཕྱོགས་འདིའི་སྟོད་སྨད་བར་གསུམ་གྱི་མང་ཚོགས་ཚང་མས་རེབ་གོང་དགུ་ཆུ་ཞེས་པའི་ཆུ་བོ་ཆེན་པོ་འདི་མི་ཕྱུགས་ཚང་མས་འཐུང་བཞིན་ཡོད།
ཆུ་བོ་འདིའི་འགོ་ཁུངས་ནི་གདར་ཙང་རྣམ་སྨན་ཕྱུགས་མོ་གཙོ་བོར་ཐུག་ཡོད། རྒྱ་ནག་སྲིད་གཞུང་ནས་རི་བོ་འདིའི་ཁོངས་ནས་གསེར་གྱི་གཏེར་ཁ་སྔོག་འདོན་ལོ་ ༡༠ བརྒལ་བ་བྱས་ཡོད་པ་མ་ཟད། ད་དུང་ཡང་མུ་མཐུད་སྔོག་བཞིན་ཡོད། དེ་བཞིན་དུག་ཆུ་སྣ་ཚོགས་ཕྱིར་བརྡོལ་ནས་ཆུ་བོ་སོགས་ལ་འབག་བཙོག་ཚབས་ཆེ་བཏང་རྐྱེན་མི་ཕྱུགས་ཀུན་ལ་གནོད་པ་ཚབས་ཆེན་བཟོས་ཡོད། ཕྱོགས་མཚུངས་རྒྱ་ནག་གཞུང་ནས་འཛེམ་དོགས་ཅི་ཡང་མེད་པར་རྩྭ་ཐང་ཀུན་ལ་གས་རྫས་མང་པོ་སྤར་ནས་རྫ་རི་དང་སྤང་རི་ནགས་རི་སོགས་བྱེ་ཐང་དུ་བསྒྱུར་བ་མ་ཟད། རི་དྭགས་དང་གཅན་གཟན་སྣ་ཚོགས་སྡོད་སའི་གནས་མེད་པར་གྱུར་ཡོད། ལྷག་པར་དུ་གནས་རི་འདིའི་རི་འགོ་དང་རི་སྐེད་སོགས་ལ་ལབ་རྩེ་ཆེ་ཆུང་དགུ་ཡོད་པ་དང་གྲུབ་གནས་གཉིས་ཡོད། མི་གྲངས་སྟོང་ལྔ་ལྷག་གིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་དད་པ་བྱེད་ས་གཙོ་བོ་ཞིག་ཡིན།
ཕ་མེས་ཡང་མེས་ནས་བཞག་པའི་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན་ལ། ང་ཚོ་མང་ཚོགས་ཚང་མའི་གཙུག་ཏུ་བཀུར་བའི་ལྷ་རི་ཡང་ཡིན། ང་ཚོས་ས་གནས་ནས་ཀྲུང་དབྱང་བར་ལ་རེ་བ་ཇི་འདྲ་ཞུས་ཀྱང་དང་ལེན་བྱེད་རྒྱུ་ལྟ་ཞོག་དེ་ལས་ལྡོག་སྟེ་ཉེས་མེད་མང་ཚོགས་ལ་སྡུག་སྦྱོང་གཏོང་བཞིན་ཡོད། དཔེར་ན་ཀ་རོང་སྡེ་བའི་ཚེ་དབང་སྐྱབས་ཕོ་ལོ་ ༤༥ ཡིན་པ་དང་། རྩི་ལོ་རྒྱལ་ཕོ་ལོ་ ༥༠ ཡིན་པ། སྒྲ་ཏེ་ཕོ་ལོ་ ༤༥ ཡིན་པ། ལྷ་གོ་ཕོ་ལོ་ ༣༩ བཅས་མི་བཞི་པོ་ལ་ལོ་གཉིས་རིང་ཁྲིམས་ཁང་སྣ་ཚོགས་བརྒྱུད་ནས་མནར་སྤྱོད་མྱངས་མཐར་ལོ་ ༢ ལ་ཁྲིམས་ཐག་བཅད་ནས་ད་ལྟ་ཟི་ལིང་གི་བཙོན་དུ་བཅུག་ཡོད། དེ་མིན་ད་དུང་བླ་མ་སྐྱབས་དང་རྣམ་རྩེ་གཉིས་སྡོད་ཐབས་མེདཔར་རི་ལུང་རྫ་ལུང་ལ་གབ་ཡིབ་བྱེད་བཞིན་ཡོད། ཤ་བོ་རྒྱལ་ཟེར་བ་དེ་ཕྱོགས་སོ་སོར་བྲོས་ཀྱང་མཐར་བཟུང་སྟེ་ཁྲིམས་ཁང་ནང་ཡོད་མུས་ཡིན་འདུག་པ་བཅས།།
རྒྱ་ནག་གཞུང་གིས་ཨ་མདོ་རེབ་གོང་ནང་གཏེར་ཁ་མུ་མཐུད་སྔོག་འདོན་བྱེད་རྐྱེན་མི་ཕྱུགས་ཀུན་ལ་གནོད་པ་ཚབས་ཆེ་བཟོ་བཞིན་པ།
གསར་གནས།
འབྲེལ་གནས།