ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་འབྱོར་གནང་འདུག དཔལ་ལྡན་སྲིད་སྐྱོང་མཆོག་ལ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། དེ་བཞིན་ཝ་ཤིང་ཊོན་ཌི་སི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་སོགས་ཀྱིས་གནམ་ཐང་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་ཐོག་ངོ་སྤྲོད་གནང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་ཐེངས་འདིར་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་བརྒྱུད་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་འབྱོར་བྱུང་། ཨ་རིའི་རོགས་ཚོགས་ USAID དང་ལྷན་ཚོགས་འདུ་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས། རྒྱལ་སྤྱིའི་ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་འབྲེལ་ཡོད་དཔོན་རིགས་ཁག་དང་ལྷན་མཇལ་འཕྲད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ད་ཆ་གང་ལེགས་ཡོད་སྐོར་དང་། བོད་ནང་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་འདུག
དེ་བཞིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཆེད་ལས་འཆར་གསར་པ་ཞིག་གི་ཐོག་རོགས་དངུལ་ཨ་སྒོར་ས་ཡ་གསུམ་བཀའ་འཁྲོལ་གནང་བ་དེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ལས་དོན་ཚགས་ཚུད་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་ཡར་རྒྱས་གཏོང་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ཆེད་དུ་གཞུང་གི་རོགས་དངུལ་གནང་བཞིན་པ་དེ་དག་འབྱུང་འགྱུར་བརྒྱུད་ལམ་གཞན་བརྒྱུད་མི་དགོས་པར་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་གནང་སྐྱོང་ཡོང་བའི་འབོད་སྐུལ་དེ་སྔ་ཞུས་པ་དེ་དག་མཇུག་སྐྱོང་སླད་བཀའ་མོལ་བྱུང་ཡོད།
དེ་རྗེས་ཝན་ཁུ་ཝར་ས་གནས་སུ་རིག་པ་སློབ་སྟོན་པའམ་བསམ་མཛོད་Think Tank ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་སླད་ཕེབས་ཐོན་གནང་ཡོད། དེ་ནས་ནིའུ་མེཀ་སེ་ཁོ་ New Mexico ས་གནས་སུ་གདོད་མའི་མི་རིགས་ཀྱི་འཛིན་གྲྭ་བཅུ་གཉིས་ཐོན་པའི་བསླབ་པ་མཐར་སོན་མཛད་སྒོར་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྒྱུ་དང་། དེ་བཞིན་ས་གནས་ཀྱི་མི་མང་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད། ཅེས་སོགས་གསུང་། །