ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༧ ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུ་ཝི་ཌན་གྲོང་ཁྱེར་མལ་མོ་ (Malmo) ནས་ཌན་མཀ་གྱི་རྒྱལ་ས་ཀོ་པན་ཧཱ་གན་དུ་ཆིབས་སྒྱུར་བསྐྱངས། མགོན་པོ་གང་ཉིད་མཆོག་ཌན་མཀ་གི་རྒྱལ་སར་༸ཞབས་སོར་འཁོད་མཚམས་༸གོང་ས་མཆོག་ཌན་མཀ་ཏུ་གདན་ཞུ་གནང་མཁན་ཚོགས་པ་བརྒྱད་ཀྱི་ཚོགས་མི་རྣམས་དང་། ཌན་མཀ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཟུང་འབྲེལ་ཐོག་མཇལ་ཁ་དང་བཀའ་སློབ་སྩལ། དེ་རྗེས་ཕྱི་ཚེས་ ༡༨ སྔ་དྲོ་ཐོག་མར་ཌན་མཀ་ས་གནས་བོད་མི་དང་གཞན་ཡང་ནོར་ཝེ་ནས་ཆེད་བཅར་ཞུས་པའི་བོད་མི་བཅས་ཁྱོན་མི་གྲངས་ ༨༠ བརྒལ་བར་མཇལ་ཁ་དང་བཀའ་སློབ་ཕེབས་དོན། རང་ཉིད་བོད་རིགས་ཡིན་པའི་འདུ་ཤེས་ནམ་ཡང་བརྗེད་རྒྱུ་མེད།
དེ་བཞིན་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་གོང་སྤེལ་གཏོང་དགོས། ཕྱོགས་མཚུངས་རང་ཉིད་ཀྱི་བུ་ཕྲུག་ཚོར་བོད་ཀྱི་རིག་གཞུང་དང་སྐད་ཡིག་སློབ་ཁྲིད་བྱེད་རྒྱུའི་འགན་འཁྲི་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ནས་དགོངས་ཞུའི་ཐད་བོད་མི་རྣམས་ནས་སེམས་ཁྲལ་རྩ་བ་ནས་བྱེད་མི་དགོས་པའི་བཀའ་སློབ་ཀྱང་ཕེབས་ཡོད། དེ་རྗེས་༸གོང་ས་མཆོག་གིས་ཊི་བོ་ལི་ཚོགས་ཁང་ཆེན་མོའི་ (Tivoli Congress Centre) ནང་མང་ཚོགས་སྟོང་ཕྲག་བརྒལ་བར་བློ་སྦྱོང་དོན་བདུན་མའི་བཀའ་ཆོས་བཀའ་དྲིན་སྩལ་དོན། ཕྱི་རོལ་གྱི་ཡུལ་རགས་པ་ལས་བྱུང་བའི་དབང་ཤེས་ལ་རྟེན་པའི་ཚོར་བ་བདེ་བ་ཞིག་དང་། ནང་གི་ཡིད་བློར་རྟེན་པའི་ཚོར་བ་བདེ་བ་བཅས་གཉིས་ཡོད། དཔེར་ན་དད་པ། ཆོག་ཤེས་པ། སྤོབས་པ། བཅས་ལས་བྱུང་བའི་བདེ་བ་རྣམས་ནང་གི་ཡིད་བློར་རྟེན་པའི་བདེ་བ་ཡིན། ལོ་ངོ་ ༣༠༠༠ ཙམ་རིང་མི་རྣམས་ཀྱིས་རང་ལ་དགོད་འདོད་རྣམས་འགྲུབ་ཆེད་སྨོན་ལམ་རྒྱག་རྒྱུ་ཙམ་ལས་ཐབས་གཞན་གང་ཡང་མེད་པར་གནས་ཡོད། འོན་ཀྱང་འདས་པའི་ལོ་ ༤༠༠ སྔོན་ཙམ་ནས་ཚན་རིག་དང་འཕྲུལ་ཆས་རིགས་ཡར་རྒྱས་བྱུང་རྗེས་མི་རྣམས་ཀྱི་དོན་དུ་གཉེར་བའི་འདོད་དོན་མང་པོ་ཞིག་བསྒྲུབས་ཐུབ་པ་བྱུང་ཡོད། དེར་བརྟེན་ང་ཚོས་དུས་རབས་ ༢༡ ནང་སྐྱེས་བུའི་འདོད་དོན་ཚད་མཐོ་བོ་ཞིག་བསྒྲུུབས་ཐུབ་ཡོད་ཀྱང་དེང་སྐབས་མི་ཚོས་ནང་སེམས་ཀྱི་དཀའ་ངལ་དཔེར་ན། སེམས་བག་ཕེབས་མེད་པ། དངངས་འཚབ། སེམས་སྡུག་ལ་སོགས་པའི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པར་བརྟེན། ཟུག་བཅག་སྨན་རྫས་དང་སྨན་ཁབ་འདྲ་མིན་བེད་སྤྱོད་བྱེད་དགོས་པ་ཆགས་ཀྱི་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
ཉིན་རྒྱབ་མགོན་པོ་གང་ཉིད་མཆོག་གིས་ཚོགས་ཁང་དེ་རང་དུ་མི་ཚེའི་དགོས་དོན་སྙིང་པོ་གང་ཡིན། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་གྲངས་ ༢༥༠༠ ཙམ་ལ་བླང་དོར་བཀའ་སློབ་སྩལ་དོན། ཆོས་ལུགས་རིས་མེད་ (Secularism) ཅེས་པ་དེ་ཆོས་ལ་ངོ་ལོག་པའི་སྐད་ཆ་མིན། མི་གཞན་གྱི་བདེ་སྡུག་ལ་སེམས་འཚབ་ཀྱི་རྣམ་པ་ཇི་ཙམ་མང་བ་ཡོད་པ་དེའི་ཚོད་ཀྱིས་རང་ཉིད་ལ་བདེ་བ་ཡོང་བ་དེ་མཐོང་ཆོས་ཤིག་ཆགས་ཡོད། ཨ་རིའི་མཐོ་སློབ་ཨེ་མོ་རི་དང་ཝི་སི་ཀོན་སིན། སི་ཊན་ཕོ་ཊི་གཙུག་ལག་སློབ་གྲྭ་ (Emory University,Wisconsin University, Stanford University) བཅས་ཀྱི་ནང་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱས་འབྲས་སུ། གལ་ཏེ་བདུན་ཕྲག་གཉིས་གསུམ་རིང་ནང་ཆོས་ནས་གསུངས་པའི་བློ་སྦྱོང་གི་ཐབས་ལམ་ཐོག་ནས་རང་གི་བསམ་བློར་སྦྱོང་བརྡར་སྤྲད་པ་ཡིན་ན་སེམས་ཁྲལ་ཆུང་དུ་ཕྱིན་པའི་ཐོག་ནས་སྤྱི་ཚོགས་ནང་མི་གཞན་དང་མཐུན་གཤིབ་བཟང་དུ་འགྲོ་རྒྱུར་ཕན་ཐོགས་ཡོང་བཞིན་ཡོད་པ་གསལ་སྟོན་བྱུང་ཡོད། ཆོས་ལ་ཡིད་ཆེས་ཡོད་མེད་ཁྱད་པར་གང་ཡང་མེད་ཅེས་སོགས་ཀྱི་བཀའ་སློབ་གྲུབ་མཚམས། མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ། དེ་བཞིན་གསར་འགོད་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་ཌན་མཀ་གི་གསར་འགོད་པ་གྲགས་ཅན་གསུམ་གཙོ་བོར་གྱུར་བའི་གསར་འགོད་པ་ཁག་གཅིག་གིས་དྲི་བ་ཕུལ་བར་བཀའ་ལན་ཡང་མཛད་ཡོད།
དེ་ཉིན་ཐེངས་འདིའི་ཡུ་རོབ་ཁུལ་གྱི་མཛད་འཕྲིན་གྱི་མཐའ་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཌན་མཀ་གི་གྲོས་ཚོགས་ཀྱི་འཐུས་མི་ ༡༡ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཌན་མཀ་ནང་གི་ཆིབས་སྒྱུར་དེ་བཞིན་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་དང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་མི་དམངས་ཀྱིས་འོས་འདེམས་བྱས་པའི་མི་སྣར་རྩིས་སྤྲོད་མཛད་རྒྱུའི་གནད་དོན་དང་འབྲེལ་བའི་དྲི་བ་ཁག་གཅིག་འབུལ་ལམ་ཞུས་པར་་མགོན་པོ་གང་ཉིད་མཆོག་གིས་དགོངས་བཞེས་ཐག་གཅོད་མཛད་པ་དེ་ནི་དུས་ཀྱི་ཆ་ནས་འོས་ཤིང་འཚམ་པ་ཞིག་ཆགས་ཡོད་སྐོར་བཀའ་ལན་སྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཌན་མཀ་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ས་གནས་དེའི་ཆུ་ཚོད་ ༩ ཙམ་ལ་ཇར་མ་ནི་བརྒྱུད་རྒྱ་གར་ལ་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །