༢༠༡༡ ཟླ་ ༤ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ ཉིན་ཡུ་རོབ་རྒྱལ་ཁབ་ཨ་ཡེར་ལན་ཌིའི་ (Ireland) ཁུལ་དུ་༸ཞབས་སོར་འཁོད་དེ་ཁུལ་དེར་ཕྱི་ཟླ་ ༤ ཚེས་ ༡༣ ནས་ ༡༤ ཉིན་གྲངས་གཉིས་རིང་གི་མཛད་འཕྲིན་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༡༥ ཉིན་སུ་ཝི་ཌན་དུ་ཆིབས་སྒྱུར་གྱིས་ཁུལ་དེར་ཕྱི་ཚེས་ ༡༥ ༡༦ ༡༧ བཅས་ཉིན་གྲངས་གསུམ་རིང་མཛད་འཕྲིན་རྒྱ་ཆེ་བསྐྱངས་པ་མ་ཟད། ཕྱི་ཚེས་ ༡༨ ཉིན་ཌན་མཀ་རྒྱལ་ས་ཀོ་པན་ཧཱ་གན་ (Copenhagen) དུ་ཆིབས་སྒྱུར་བསྐྱངས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཡུ་རོབ་རྒྱལ་ཁབ་གསུམ་གྱི་ནང་ཆིབས་སྒྱུར་སྐྱོང་སྐབས་མང་ཚོགས་དང་གྲོས་ཚོགས་འཐུས་མི། ས་གནས་བོད་རིགས། བོད་དོན་རྒྱབ་སྐྱོར་བ། སོག་རིགས། གསར་འགོད་པ། སློབ་ཕྲུག ཡེ་ཤུའི་བླ་ཆེན། གཞན་ཡང་འབྲེལ་ཡོད་མི་སྣ་ཁག་གཅིག་བཅས་ལ་ཆོས་འབྲེལ་དང་བཀའ་སློབ། མང་ཚོགས་ལྷན་བགྲོ་གླེང་། དེ་བཞིན་གསར་འགོད་ལྷན་ཚོགས་སུ་བཀའ་སློབ་སྩལ་བ་སོགས་ཀྱིས་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༡༩ ཉིན་ཇར་མན་བརྒྱུད་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས།
དེ་ཡང་ཕྱི་ཟླ་ ༤ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གལ་གནམ་ཐང་དུ་ཉིན་དགུང་ཆུ་ཚོད་ ༡༢ ཙམ་ལ་༸ཞབས་སོར་འཁོད་སྐབས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་གནམ་ཐང་ནས་མགོན་པོ་གང་ཉིད་མཆོག་བཞུགས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་དུ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཕོ་བྲང་གི་གཟིམ་སྒོའི་མདུན་དུ་༸ཞབས་སོར་འཁོད་མཚམས་བཙན་བྱོལ་བོད་གཞུང་གི་བཀའ་བློན་དང་སྤྱི་འཐུས་གཙོ་བོར་གྱུར་བའི་གཞུང་གི་མཛད་གཙོ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།