ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༣ ནས་ ༡༦ ཉིན་གྲངས་བཞིའི་རིང་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་རྒྱལ་ཡོངས་སེམས་ཁམས་དང་དབང་རྩའི་བསྟི་གནས་ཁང་། ཞེས་པ་ཟུང་འབྲེལ་གྱིས་རྒྱ་གར་བྱང་ཕྱོགས་དང་བྱང་ཤར་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་གྲངས་ ༤༥ དང་། སློབ་གྲྭ་གྲངས་ ༢༡ གི་མདུན་ལམ་སློབ་སྟོན་པ་བཅས་ཁྱོན་མི་གྲངས་ ༦༦ རྣམས་ལ་ལང་ཚོ་དར་བབ་འཚོ་ཐབས་རིག་རྩལ་གྱི་སྦྱོང་བརྡར་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༤ ཐོག་ཟབ་སྦྱོང་གི་མཇུག་སྔོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། ཟབ་ཁྲིད་པ་ Dr. Vranda M.N. དང་། Dr. Rajaram ལགས། Dr. Febna ལགས། Jacquie Kitty ལགས། དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། དེ་བཞིན་ཟབ་སྦྱོང་བ་རྣམས་ཚང་འཛོམས་ཀྱིས་ཐོག་མར་འབྲེལ་ཡོད་ལས་བྱེད་ངག་དབང་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་སྙིང་བསྔུས་གནང་གྲུབ་མཚམས་ཚོགས་བཅར་བ་གཉིས་ཀྱིས་རང་ཉིད་ཟབ་སྦྱོང་ནང་མཉམ་ཞུགས་གནང་བའི་མྱོང་ཚོར་གསུངས།
དེ་རྗེས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ལང་ཚོ་དར་བབ་འཚོ་ཐབས་རིག་རྩལ་གྱི་ཟབ་སྦྱོང་ཐེངས་བདུན་པ་དུ་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་ངས་འཕྲོད་བསྟེན་ལས་ཁུངས་ཀྱི་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འབྱུང་འགྱུར་གྱི་མི་རབས་དང་། མ་འོངས་པའི་བོད་མི་གཞོན་སྐྱེས་རྣམས་སྤུས་ཚད་ལྡན་པ་ཇི་ལྟར་བཟོ་དགོས་པའི་ཐོག་ལམ་སྟོན་གནང་མཁན་རྣམ་པ་ཚོ་རེད། དེར་བརྟེན་ཟབ་སྦྱོང་དེ་བརྒྱུད་ཕན་ཚུན་དབར་གོ་བསྡུར་སྦྱང་བཤད་དང་བསམ་ཚུལ་བརྗེ་ལེན་གྱི་གོ་སྐབས་ཐོབ་པ་ནི་གང་ཟག་སྒེར་ལ་དགའ་སྤྲོ་དང་། ལྷག་དོན་དུ་ལས་ཁུངས་ལ་མཚོན་ན་སྤོབས་པ་བྱ་འོས་པ་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཚམས་འདྲི་ཞུ་དགོས་པའི་གནས་སྟངས་ཞིག་ཀྱང་ཆགས་ཡོད།
གནད་དོན་དེའི་ཐོག་ལ་ཉེ་ཆར་ཕྱི་ཟླ་ ༡ ནང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་ཟབ་སྦྱོང་དེ་ལྟ་བུ་ཕུལ་ཟིན་པ་རེད། ཚང་མས་མཁྱེན་གསལ་རེད། ཟབ་སྦྱོང་དེ་བརྒྱུད་ནས་གོ་རྟོགས་གསར་པ་མང་པོ་ཞིག་སྤེལ་ཐུབ་པ་བྱུང་ཡོད།
ད་ལྟའི་ཆར་ལང་ཚོ་དར་བབ་ཀྱི་ལས་གཞི་དང་ལྷན་དུ་བུད་མེད་ཀྱི་འཕྲོད་བསྟེན་ Menstrual Hygiene ཐོག་ལ་ཤུགས་བརྒྱག་རྒྱུ་དང་། བུད་མེད་ཀྱི་ཆེད་དུ་ནུས་ཤུགས་སྤེལ་དགོས་རྒྱུ་རིལ་བུ་ Iron Tablet ཐོག་གིས་ལས་གཞི་ཡོད་སྐོར་གསུངས། དེ་བཞིན་བཀའ་བློན་མཆོག་གིས་ཟབ་སྦྱོང་བ་རྣམས་ནས་ཕྱིས་སུ་རང་གནས་སུ་ཕྱིར་ལོག་གནང་མཚམས་གཤམ་འོག་གི་ལས་བྱེད་དང་མང་ཚོགས། སློབ་ཕྲུག་རྣམས་ལ་ཟབ་སྦྱོང་ཐོག་གང་ཤེས་པ་རྣམས་གོ་རྟོགས་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་ཚོགས་བཅར་བར་རྣམས་ལ་ཕྱག་འཁྱེར་ཕུལ་གྲུབ་མཚམས་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཟབ་ཁྲིད་པ་རྣམས་ལ་ཐུགས་རྗེ་ཞུའི་ཕྱག་རྟགས་རེ་གནང་འདུག
མཛད་སྒོའི་མཐའ་མར་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །