ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེའམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་རིན་པོ་ཆེ་མཆོག་རྡ་སར་ཕེབས་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཇི་ལྟར་གདན་ཞུས་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ ཐོག་བཀའ་ཤག་གི་ཚོགས་ཁང་དུ་ཕེབས་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམས་ཀྱིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས་གསོལ་སྟོན་ཕུལ་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རིན་པོ་ཆེ་མཆོག་བཀའ་ཤག་དུ་ཕེབས་པར་དགའ་དད་གུས་གསུམ་ཐོག་ནས་འཚམས་འདྲི་དང་འབྲེལ་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་སོགས་སྙན་འབུལ་ཞུས།
གསོལ་སྟོན་སྐབས་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཆོས་རིག་དྲུང་ཆེ་ལུང་རྟོགས་ལགས། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱང་ཆེད་བཅར་ཞུས་འདུག་པ་བཅས། །