ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣ རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ལོན་ཌོན་གྱི་སྐྱེས་མོད་ཚལ་ཞིག་ཏུ་༸གོང་ས་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བོད་ཀྱི་དུས་སྟོན་དབུ་འཛུགས་གནང་ཡོད་པར་མི་གྲངས་ ༢༠༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད། དེ་ཡང་དུས་སྟོན་དབུ་འབྱེད་ཀྱི་ཐོག་མར་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་དང་། ཡུ་རོབ་ཀྱི་བོད་མི་མང་སྤྱི་འཐུས་བསོད་ནམས་ཕ་ར་སི་ལགས། དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་སྤེན་པ་བློ་བཟང་ལགས་བཅས་དང་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་མཆོག་གདན་ཞུ་གནང་བ་དང་སྦྲགས་མཆོད་མེ་ཞལ་ཕྱེ་དང་༸རྒྱལ་བའི་༸ཞབས་རིམ་གསུང་འདོན་གནང་གྲུབ་བསྟུན། ཚོགས་མི་ཚང་མས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་ཏེ་མཇལ་ཁ་ཞུས། དེ་རྗེས་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ནས་དུས་སྟོན་དང་འབྲེལ་བའི་གསུང་བཤད་གནང་དོན། བོད་ཀྱི་ལོ་རྒྱུས་ནང་གི་གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་འདིར་ང་ཚོ་བོད་མི་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་དབུ་ཁྲིད་ཞིག་ཐོབ་མི་ཐུབ། དེར་བརྟེན་ཁྱེད་ཚོས་དུས་སྟོན་འདིར་རྒྱབ་སྐྱོར་ཐོག་མཉམ་ཞུགས་གནང་བ་དེ་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན།
བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་འགྲེམས་སྟོན་དང་བོད་ཀྱི་གླུ་གཞས་དང་གཞས་སྣ་འཁྲབ་སྟོན་གནང་ཡོད་པ་མ་ཟད། སོག་པོ་དང་བྷར་མ་བཅས་ཀྱི་གཞས་སྣ་ཁག་གཅིག་ཀྱང་འཁྲབ་སྟོན་བྱས་ཡོད། ཉིན་རྒྱབ་དུས་སྟོན་དེར་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་སྐུུ་ཞབས་སའི་མོན་ཧུ་ཇི་སི་(Simon Hughes)ལགས་ཀྱིས་གསུང་བཤད་གནང་ཡོད་པའི་ནང་། འཛམ་གླིང་ས་ཕྱོགས་གང་དུ་གནས་ཡོད་ཀྱང་མི་རྣམས་སོ་སོའི་རང་དབང་ཐོག་ཆོས་བྱེད་རྒྱུ་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཅེས་གསུང་ཡོད་པ་མ་ཟད། ཁོང་གིས་ད་དུང་༸གོང་ས་མཆོག་གིས་ཞི་བའི་ལམ་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་ཐུགས་བརྩོན་མཛད་པར་བསྔགས་བརྗོད་གནང་བ་དང་སྦྲགས་བོད་ཀྱི་གནད་དོན་དེ་༸གོང་ས་མཆོག་སྐུ་འཚོ་ཞུགས་ཀྱི་རིང་སེལ་ཐུབ་པའི་རེ་བ་ཡོད་སྐོར་གསུང་ཡོད། དེ་བཞིན་ཁོང་གིས་ཚོགས་བཅར་བ་ཚང་མར་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། དེ་རྗེས་དབྱིན་ཡུལ་གྱི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་དང་། གཞས་པ། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་སོགས་ཀྱིས་༸གོང་ས་མཆོག་ལ་ཕུལ་བའི་འཁྲུངས་སྐར་གྱི་འཚམས་འཕྲིན་རྣམས་ཀློག་ཡོད་པ་བཅས།།