༢༠༡༩ ཟླ་ ༥ ཚེས་ ༡༡ རེས་གཟའ་སྤེན་པ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར། རུ་སོག་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་སྐྱ་སེར་ཕོ་མོ་སྟོང་ཕྲག་བརྒལ་བར་རྗེ་ཙོང་པ་བློ་བཟང་གྲགས་པས་ཚ་ཁོ་དབོན་པོ་ངག་དབང་གྲགས་པར་གདམས་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
ཐོག་མར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་གཙོས་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་གདན་འདྲེན་ཞུས། ཕོ་བྲང་རྒྱལ་སྒོའི་ཕྱི་རོལ་དུ་དད་ལྡན་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ལ་མཐོང་གྲོལ་འཛུམ་ཞལ་གྱིས་མཇལ་ཁ་དང་འཚམས་འདྲི་མཛད་ནས་རིམ་བཞིན་གཙུག་ལག་ཁང་ལ་སྐོར་བ་མཛད་དེ་བཞུགས་ཁྲིར་ཞབས་སོར་འཁོད་བསྟུན། གསུང་ཆོས་སྦྱིན་བདག་རྣམས་ལ་མཇལ་ཁ་སྩལ། དེ་རྗེས་ཐོག་མར་རུ་སུའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན། རྗེ་རིན་པོ་ཆེའི་གསུང་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཞེས་པ་འདི་རྗེ་རིན་པོ་ཆེས་ལམ་རིམ་ཆེ་ཆུང་། ལམ་རིམ་བསྡུས་དོན་དེ་དག་ཚང་མ་གསུང་པའི་རྗེས་སུ་རྗེའི་སྲས་ཀྱི་ཐུ་བོ་ཚ་ཁོ་དབོན་པོ་ངག་དབང་གྲགས་པར་ལམ་གཙོ་རྣམ་གསུམ་འདི་གདམས་པ་རེད། རྗེ་རིན་པོ་ཆེས་ཤར་རྒྱལ་མོ་རོང་ལ་ཚ་ཁོ་དབོན་པོ་ངག་དབང་གྲགས་པར་ཕྱག་བྲིས་བཏང་གནང་བ་དེའི་ནང་།
ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང༌།།ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན།།མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ།།བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ།།ཞེས་འདི་འདྲ་ཞིག་གསུང་ཡོད། ཐུན་མོང་མ་ཡིན་པ་ཞིག་རེད་འདུག ཚ་ཁོ་དབོན་པོ་ངག་དབང་གྲགས་པ་རང་ཉིད་ལ་མཚོན་ནའང་ཕ་ཡུལ་ལ་བསྟན་པའི་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད། ཁོང་ལ་རྗེ་རིན་པོ་ཆེས་བསླབ་བྱ་བསྡུས་པོ་ཞིག་ལམ་གྱི་གཙོ་བོ་རྣམ་པ་གསུམ། ཞེས་ཚིགས་བཅད་ཉུང་ཉུང་ཞིག་ཐོག་ལ་གསུང་ཡོད། ལམ་གྱི་གཙོ་བོ་རྣམ་པ་གསུམ་ཞེས་པ་འདི་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་བཅས་གསུམ་པོ་དེ་གསུང་གི་ཡོད། སྔོན་ལ་འདི་ཞུ་འདོད་བྱུང་། ང་ཚོ་སྲོག་ཆགས་མཐའ་དག་སྡུག་བསྔལ་མི་འདོད་མཁན་དང་བདེ་བ་འདོད་མཁན་ཤ་སྟག་རེད།
དེར་རྒྱུ་མཚན་འགོད་དགོས་པ་གང་ཡང་མེད། འབུ་སྲིན་ཆུང་ཆུང་ཞིག་ཡིན་ཡང་བྲེལ་བའི་ངང་འཚོ་ཞིང་། ཕྲན་བུ་ཕོག་ཐུག་བྱུང་མཚམས་འཕྲལ་དུ་ཕྱིར་ཤིག་རྒྱག་གི་རེད། སྙིང་རྗེ། གང་ལྟར་སྔུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པའི་བློ་ཚང་མར་ཡོད། དེར་བརྟེན་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་གསུམ་ལྷག་ཙམ་གོང་ནས་ཉོན་མོངས་ཞེས་ལེགས་སྦྱར་སྐད་དུ་ Klesha ཟེར་བ་དེ་བོད་སྐད་ནང་ཉོན་མོངས་ཞེས་བསྒྱུར་ཡོད། གོ་བ་དེ་གཅིག་པ་ཡོང་མིན་མི་ཤེས། བོད་སྐད་ནང་ཉོན་མོངས་ཞེས་པའི་མིང་དེས་བློ་གང་ཞིག་རྒྱུད་ལ་སྐྱེས་ན། སེམས་དཀྲུག་མཁན། སེམས་མ་སྐྱིད་པ་བཟོ་མཁན། རང་རྒྱུད་ལྡན་གྱི་གང་ཟག་ཉོན་མོངས་པར་བྱེད་མཁན། དེ་འདྲའི་བློ་ཞིག་ལ་ཉོན་མོངས་ཞེས་མིང་བཏགས་འདུག ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་མཁན་དང་བདེ་བ་འདོད་མཁན་ཤ་སྟག་ཡིན་སྟབས་མི་འདོད་པའི་སྡུག་བསྔལ་དེ་གང་འདྲ་བྱས་ནས་ཡོང་གི་ཡོད་པ་དེར་བསམ་བློ་གཏོང་སྐབས། བློའི་ནང་ནས་བློ་གང་འདྲ་ཞིག་སྐྱེ་ཡོང་སྐབས་སེམས་མ་ཞི་བ་དང་སེམས་མ་དུལ་བ་བྱེད་མཁན། དེ་ལ་མུ་སྟེགས་པའི་གཞུང་ནས་འདོད་པའི་ཉོན་མོངས་གཙོ་བོ་ཤོད་ཀྱི་ཡོད། འདོད་པའི་འདོད་ཡོན་ལ་ཆགས་པའི་ཆགས་པ་དེ་དང་། ཆགས་པ་དེས་དྲངས་པའི་སྡང་བའི་བློ་སྐྱེ་རྒྱུ་རེད། ཆགས་སྡང་གཉིས་མཉམ་དུ་འགྲོ་བ་རེད། མུ་སྟེགས་པའི་ཆོས་པ་དེ་ཚོས་འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་བལྟས་ནས་དཔེར་ན་ཟས་བཅད་དཀའ་ཐུབ། གོས་ཙམ་ཡང་མེད་པར་དཀའ་ལས་ཧ་ཅང་རྒྱག་བཞིན་འདུག
འདོད་པའི་ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ནས་དེའི་གཞན་དབང་དུ་མི་གཏོང་བར་ནང་ཏིང་ངེ་འཛིན་གྱི་བདེ་སྐྱིད་འཚོལ་བཞིན་ཡོད། དེ་འདྲའི་ཐོག་ནས་གང་ལྟར་ཁམས་གསུམ་དུ་དབྱེ་བ་ཕྱེ་ནས། འདོད་པ་ཁམས་པ། ཕྱིའི་གཟུགས་སྒྲ། དྲི། རོ། རེག་བྱ། དེ་འདྲ་ཁོ་ནར་བསམ་བློ་བཏང་ནས་གཙོ་བོ་དེ་དག་དོན་དུ་གཉེར་མཁན་དེར་འདོད་པ་ཁམས་པ། ཞེས་ཟེར་བ་རེད། ཕྱིའི་འདོད་ཡོན་ལྔ་ལ་ཆགས་པའི་འདོད་ཆགས་ཀྱི་གཞན་དབང་དུ་གྱུར་སྡོད་མཁན་ཚོར་འདོད་པ་ཁམས་པ་ཟེར། དེ་འདྲའི་ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ནས་ནང་ཏིང་ངེ་འཛིན་གྱི་བདེ་བ་བཙལ་ནས་ཁམས་གོང་མ་གཟུགས་ཁམས་ཟེར་བ་དེ། གཟུགས་ཁམས་གནས་རིས་བཅུ་དྲུག བཅུ་བདུན། བསམ་གཏན་དང་པོ་གཉིས་པ། གསུམ་པ། བཞི་པ་ཞེས་གང་ལྟར་ནང་གི་ཏིང་ངེ་འཛིན་གྱི་བདེ་བ་གཙོ་བོར་དོན་དུ་གཉེར་བཞིན་ཡོད།
ད་དུང་གཏིང་རིང་དུ་འགྲོ་སྐབས་ནང་ཏིང་ངེ་འཛིན་གྱི་གཟུགས་ཅན་དང་འབྲེལ་བ་དེ་འདྲར་མ་ཆགས་པར་གཟུགས་མེད་ཀྱི་ཏིང་ངེ་འཛིན་དོན་དུ་གཉེར་མཁན་ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩེ་བར་ཡོད། སྲིད་རྩེ་ཟེར་སྐབས་སྲིད་པ་འཁོར་བའི་རྩེ་མོ་རེད། བློ་ཕྲ་ཤོས་ཆགས་ཡོད། མུ་སྟེགས་པའི་ནང་དུ་དེ་ལྟ་བུའི་རྣམ་གཞག་བཤད་ནས་དེ་ཉམས་ལེན་བྱེད། གང་ལྟར་རྒྱ་གར་མཁས་པའི་གཞུང་ནས་ཉོན་མོངས་ལ་སྐྱོན་དུ་ལྟ་རྒྱུའི་འགོ་ཞིག་བཙུགས་འདུག ཉོན་མོངས་ཀྱི་རྩ་བ་བདེན་འཛིན་ལ་ཐུག་ཡོད། རྩ་བ་ཤེས་རབས་ནང་། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར།
ཞེས་ཉོན་མོངས་དེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་ཡོང་གི་ཡོད་པ་གསུང་ཡོད། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ། དེ་དག་སྤྲོས་ལས་ཞེས་བདེན་འཛིན་གྱི་སྤྲོད་པ་ལས་ཡོང་གི་རེད། ཅེས་གསུངས། རྩ་བ་ཤེས་རབས་ལས་མུ་མཐུད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །རྣམ་པར་རྟོག་ལས་འབྱུང་བར་གསུང་། ཞེས་གསུང་ཡོད། རྣམ་རྟོག་གང་འདྲ་ཞིག་རེད་ཟེར་ན། སྡུག་དང་མི་སྡུག་ཕྱིན་ཅི་ལོག། །བསྟེན་པ་ལས་ནི་འབྱུང་བར་འགྱུར། ཞེས་ཆགས་སྡང་དབང་གི་ཡོང་གི་ཡོད་པ་རྒྱ་གར་སྤྱི་ཡོངས་ཀྱིས་ངོས་འཛིན་བྱས། ཆགས་སྡང་དེར་ཞིབ་ཚགས་རྩད་གཅོད་བྱེད་སྐབས་བདེན་འཛིན་གྱིས་ཡོང་གི་ཡོད་པ་ཤེས། ཞེས་སོགས་ཀྱི་བཀའ་སློབ་སྩལ།