ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ རེས་གཟའ་ལྷག་པ་ཉིན་རྡ་སྟེང་བོད་ཁྱིམ་ཚོགས་ཁང་ནང་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྟེ་རྔོན་པ་རུ་ཁག་ལ་ཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་རྒྱལ་ཁ་ཐོབ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་ཁྲིམས་ཞིབ་པ་གཞན་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་མིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྐུ་མགྲོན་གཞན་བཅས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་ཟློས་གར་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་དུས་ཆེན་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་མཚམས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསམ་གཏན་དོན་གྲུབ་ལགས་ཀྱིས་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་གཟུ་དཔང་རྣམས་ངོ་སྤྲོད་གནང་རྗེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་མཐར་རྔོན་པ་རུ་ཁག་གིས་རྒྱལ་ཁ་བླངས།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་བྲོ་པ་རྒན་པའི་ཡིག་རྒྱུགས་མཐར་སོན་པ་སྐལ་བཟང་སྒྲོལ་མ་ལགས་དང་། བསྟན་འཛིན་དབྱངས་སྐྱིད་ལགས། བསྟན་འཛིན་མཚོ་མོ་ལགས་བཅས་ལ་ཕྱག་འཁྱེར་དང་གཟུ་དཔང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས། འགྲན་བསྡུར་གྱི་བྱ་དགའ་བཅས་གསོལ་རས་གནང་སྟེ་གསུང་བཤད་གནང་དོན། དེ་རིང་འདིར་བོད་ཁྱིམ་གྱི་ཚོགས་ཁང་ཆེན་མོ་ཡངས་ཞིང་རྒྱ་ཆེ་བའི་ནང་འདི་ལོའི་དབྱར་སྐྱིད་ལ་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ། འགན་འཛིན་རྣམ་པ། གཟིགས་མོ་བ་རྣམ་པ་བཅས་ལ་ངས་བོད་མིའི་སྒྲིག་འཛུགས་སྤྱི་དང་། བཀའ་ཤག དེ་བཞིན་འབྲེལ་ཡོད་ཆོས་རིག་ལས་ཁུངས་བཅས་ཀྱི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་འདི་ཨང་གྲངས་ཁ་ཤས་ཀྱིས་ཁྱད་པར་ཕྱིན་མིན་ལ་མ་ལྟོས་པར་རུ་ཁག་གཉིས་ཀྱི་ངོས་ནས་དེ་རིང་ཧ་ལས་པའི་ཡག་པོ་འཁྲབ་བྱུང་བ་དང་། ཚང་མས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་འོས་པ། དེ་སྔ་དང་མི་འདྲ་བ་གང་ཙམ་ཚད་མཐོ་རུ་ཕྱིན་པའི་རྣམ་པ་གསལ་པོ་ཡོད་པ་ཕལ་ཆེར་ཚང་མས་གཟིགས་ཚུལ་གཅིག་པ་ཡིན་གྱི་རེད། དེར་བརྟེན་དེ་དང་འབྲེལ་བའི་རུ་ཁག་རྣམ་པ་གཉིས་ཀྱི་འཁྲབ་སྟོན་པ་རྣམ་པ་ཡོངས་དང་། ལྷག་པར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་གྱིས་གཙོས་ལས་བྱེད་ཡོངས་ལ་དེ་རིང་དབྱར་སྐྱིད་ཀྱི་བྱེད་སྒོ་འདི་གང་ས་ཅི་ཐད་ནས་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ཕྲན་རང་ལ་ཆ་བཞག་ལ་དབྱར་སྐྱིད་ཀྱི་འགྲན་བསྡུར་བལྟ་བར་སྐབས་ཐེངས་མང་པོ་སླེབས་ཡོད་པ་རེད། དེ་བཞིན་མ་སླེབས་པའང་གང་ཙམ་བྱུང་ཡོད་ངེས་རེད། དེ་རིང་གི་དབྱར་སྐྱིད་འདི་གང་ས་ཅི་ཐད་ནས་གནས་ཚད་མཐོ་ཤོས་དང་ཡག་ཤོས་ལྟ་བུའི་མཐོང་ཚུལ་བྱུང་། འདི་ལོ་ནི་གཞན་དང་མི་འདྲ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་༦༠ ཧྲིལ་པོ་འཁོར་བ་རེད། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་ཡོད། གཞི་རྩའི་ཟློས་གར་ལ་མཚོན་ན་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་ཟླ་བ་ཁ་ཤས་རྗེས་སྲུང་བརྩི་གནང་རྒྱུ་རེད།
ང་ཚོ་བཙན་བྱོལ་དུ་ཡོང་བའི་དགོས་པ་དང་དམིགས་ཡུལ་གཙོ་བོ་ནི། སོ་སོའི་མི་རིགས་དང་། ཆོས། རིག་གཞུང་། སྐད་ཡིག་བཅས་བོད་ནང་སྲུང་སྐྱོབ་བྱེད་རྒྱུར་ཉེན་ཁ་ཆེན་པོ་ཞིག་གཟིགས་ནས་ཕྱི་ནས་སྲུང་སྐྱོབ་དང་ཉར་ཚགས་བྱེད་རྒྱུའི་སླད་ཕེབས་པ་ཧ་ཅང་གསལ་པོ་རེད། བོད་ཀྱི་ཟློས་གར་ཡིན་ནའང་དེ་ལྟར་ཆགས་ཡོད་སྟབས། དེ་རིང་འདིར་མི་ཁ་ཤས་རུབ་རུབ་བྱས་པ་ཁོ་ན་མིན་པར་ལོ་ ༦༠ རིང་འགན་འཛིན་དང་དགེ་རྒན། ལས་བྱེད། ཚོགས་མི་སོགས་རིམ་པ་ཕེབས་ནས་འབད་བརྩོན་རིམ་པ་གནང་བ་བརྒྱུད་ཡར་རྒྱས་གོང་འཕེལ་ཕྱིན་ཡོད། དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་ཁོ་རང་ཚོ་ཚང་མར་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་། གནས་ཚད་འདི་ལྟ་བུ་སོན་ཐུབ་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཕལ་ཆེར་རེད་བསམ་གྱི་འདུག
ཟློས་གར་ནི་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལས་རིག་གནས་ཆུང་བའི་ཁོངས་གཏོགས་ཡིན། འོན་ཀྱང་ཟློས་གར་རིག་པ་ནི་རིག་གནས་ཆེ་བའི་ནང་དུ་ནང་དོན་རིག་པ་དང་བཟོ་རིག་པ། སྒྲ་རིག་པ་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཆགས་ཡོད། དེ་བཞིན་རིག་གནས་ཆུང་བ་ལྔའི་ནང་ནས་སྙན་ངག་རིག་པ་དང་མངོན་བརྗོད་རིག་པ། སྡེབ་སྦྱོར་རིག་པ་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པའི་རིག་གནས་རྩ་ཆེན་པོ་ཞིག་ཆགས་ཡོད་སྟབས། དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུ་གལ་ཆེན་པོ་རེད། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །