ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཡིན་པ་ལྟར། ༸གོང་ས་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་འཁྲུངས་སྐར་སྐབས་རྒྱ་རིགས་ཤེས་ཡོན་ཅན་ཁག་གཅིག་ནས་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བརྒྱུད་༸གོང་ས་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་ཕུལ་ཡོད། དེ་ཡང་ཞིང་གཤེགས་རྒྱ་ནག་གི་དབུ་ཁྲིད་ཀྲའོ་ཙེ་ཡང་གི་སློབ་སྟོན་པ་སྐུ་ཞབས་ཡན་ཅ་ཆི་ཡིས་ཕུལ་བའི་འཚམས་འཕྲིན་ནང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་སྐབས་འདིར་ངོས་ནསསྐུ་ཉིད་མཆོག་ལ་སླར་ཡང་གུས་བརྩི་ཞུ་རྒྱུ་དང་། འཁྲུངས་སྐར་སྤྲོ་པོ་དང་སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཡན་ཅ་ཆི་ཡིས་ཕོ་ལི་རི་ཌ་ནས་ཞེས་འཁོད་ཡོད། དེ་བཞིན་གྲགས་ཅན་རྩོམ་པ་པོ་སྐུ་ཞབས་ཀྲུའུ་ཞོལ་གཡོན་གྱི་འཚམས་འཕྲིན་ནང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མི་མང་གི་བསམ་པའི་གཙོ་འཛིན་ཡིན་ཞིང་། ཁོང་གིས་ཉམ་ཆུང་རིགས་ལ་ཐུགས་འཁུར་གནང་གི་ཡོད་པ་དང་། སྤྱི་ཚོགས་འདྲ་མཉམ་གྱི་འདོད་ཚུལ་བཟུང་གནང་གི་ཡོད་སྟབས། ཁོང་ནི་རྒྱ་ནག་ཡོངས་དང་འཛམ་གླིང་མི་མང་གི་གུས་བརྩི་ཞུ་ཡུལ་གྱི་བསམ་པའི་གཙོ་འཛིན་ཞིག་ཀྱང་རེད། དེ་ལྟ་བུའི་དབུ་ཁྲིད་དེ་ད་ཆ་དགུང་གྲངས་དོན་ལྔར་ཕེབས་པའི་དུས་འདིར་ང་ཚོ་ཚང་མས་ཁོང་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་ལམ་འདེབས་རྒྱུ་ཡིན། ཞེས་འཁོད་འདུག ཡང་(Harvard) ཧར་ཝར་ཌ་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་སྐུ་ཞབས་ཡང་ཅན་ལི་ཡི་འཚམས་འཕྲིན་ནང་། རྒྱ་རིགས་གྲོགས་པོ་མང་པོ་ཞིག་གིས་ང་རང་བརྒྱུད་༸གོང་ས་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུའི་མངགས་ཆ་བྱས་བྱུང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁ་གཏད་དང་། འཁོན་འཛིན་མ་གནང་བར་གཉིས་སྨན་དབུ་མའི་ལམ་གྱི་དགོངས་པའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་འབད་བརྩོན་གནང་བ་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཁོང་གི་རྣམ་དཔྱོད་དང་འབད་བརྩོན་དེ་དག་གིས་ང་ཚོར་ཡང་ཕན་ཐོགས་ཆེན་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡུན་རིང་འཚེ་མེད་ཞི་བ་དང་དབུ་མའི་ལམ་རྒྱུན་འཁྱོངས་གནང་མཁན་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་དཀའ་རྙོག་སེལ་བའི་ལྡེ་མིག་ཡིན་པ་དེ་རྒྱ་ནག་གཞུང་གི་ཅུང་གུ་ཡངས་ལྡན་པའི་དབུ་ཁྲིད་ཚོས་ངོས་འཛིན་ཐུབ་པ་བྱས་ནས་ཁོང་དང་ལྷན་དུ་བོད་ཀྱི་གནད་དོན་ཐོག་ནུས་ལྡན་གྱི་བཀའ་མོལ་ཞུ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། རྒྱ་རིགས་སྔར་ལས་མང་བས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་པ་དང་དེའི་རིན་ཐང་རྟོགས་ཐུབ་པའི་རེ་བའང་བྱེད་ཀྱི་ཡོད། ང་ཚོས་སྐུ་ཉིད་ལ་སླར་ཡང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། འཁྲུངས་སྐར་སྤྲོ་པོ་ཡོང་བའི་རེ་བ་ཡོད། སྦོ་སི་ཀྲོན་ནས་ཡང་ཅན་ལི་ཡིས་ཕུལ། ཞེས་འཁོད་ཡོད་པ་བཅས།།