ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༥ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༤ ཉིན་གྱི་དགོང་མོ་ཆུ་ཚོད་ ༩ ཙམ་ལ་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གིས་བཙུགས་གནང་བའི་ཀ་སྦུག་ཐུག་པ་བཟོ་གྲྭར་མེ་སྐྱོན་བྱུང་སྟེ་ཐུག་པ་སྐམ་ས་དང་བཟོ་སའི་ཁང་པ་ཁག་གཅིག དེ་བཞིན་ཐུག་པ་དོ་བོ་གང་ཙམ་ཞིག་ལ་མེ་སྐྱོན་ཕོག་འདུག འོན་ཀྱང་མི་ལ་སྐྱོན་ཆག་རིགས་བྱུང་མེད་པའི་གནས་ཚུལ་འདུག ད་ལྟའི་ཆར་མེ་སྐྱོན་བྱུང་རྐྱེན་གཙོ་བོ་གང་ཡིན་ཁ་གསལ་མེད།
དེ་ཡང་དོན་རྐྱེན་དེའི་ཐོག་དཔལ་ལྡན་བཀའ་ཤག་ནས་ཡབ་གཞིས་ཁྱིམ་ཚང་ལ་ཐུགས་གསོ་དང་སྦྲགས་འབྲེལ་ཡོད་ས་གནས་འགོ་འཛིན་ནས་མཐུན་འགྱུར་གང་ཐུབ་ཞུ་དགོས་པའི་བཀོད་མངགས་ནན་པོ་གནང་འདུག་པ་བཅས།།