ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །འབྱུང་འགྱུར་བོད་ཀྱི་ཆབ་སྲིད་མདུན་ལམ་གཏན་འབེབས་གནང་ཕྱོགས་ཀྱི་གླེང་སྟེགས་ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ ནས་ ༨ བར་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་བའི་སྐབས་རྒྱབ་གཉེར་བསམ་འཆར་གྲངས་ ༩༡ བྱུང་ཁོངས་ནས་བསམ་འཆར་སྙིང་བསྡུས་གྲངས་ ༤༤ གཤམ་གསལ།
བརྗོད་གཞི་དང་པོ། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་དོན་ཕན་ལྡན་པའི་འབྲེལ་ལམ་དང་ཞི་མོལ་ཡོང་ཐབས། (རྒྱབ་གཉེར་བསམ་འཆར་ཁག ༡༣)
བརྗོད་གཞི་གཉིས་པ། བོད་དང་རྒྱ་གར་གཙོས་ཨེ་ཤི་ཡ་བར་གྱི་འབྲེལ་བ། (རྒྱབ་གཉེར་བསམ་འཆར་ཁག ༡༣)
བརྗོད་གཞི་གསུམ་པ། རྒྱལ་སྤྱིའི་འབྲེལ་ལམ་དང་། དྲིལ་བསྒྲགས། (རྒྱབ་གཉེར་བསམ་འཆར་ཁག ༧)
བརྗོད་གཞི་བཞི་པ། ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་བོད་མིའི་སྒྲིག་འཛུགས་ནས་འགོ་ཁྲིད་གནང་ཕྱོགས། (རྒྱབ་གཉེར་བསམ་འཆར་ཁག ༡༡)
རྒྱབ་གཉེར་བསམ་འཆར་ཁྱོན་བསྡོམས་ ༤༤
གྲོས་གཞི་དང་པོ།
བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་དོན་ཕན་ལྡན་པའི་འབྲེལ་ལམ་དང་ཞི་མོལ་ཡོང་ཐབས།
གལ་ཆེའི་རྒྱབ་གཉེར་བསམ་འཆར།
༡། རྒྱ་ནག་ནང་སྤྱིར་ནང་པའི་ཆོས་དང་། སྒོས་སུ་བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་ཆེད་ཤུགས་སྣོན་བརྒྱབ་སྟེ། བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དང་རིན་ཐང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་རྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམས་ཀྱི་གལ་གནད་རང་བཞིན་སྐོར་མང་ཚོགས་ཁྲོད་གོ་རྟོགས་གོང་འཕེལ་གཏོང་དགོས།
༢། ཧི་མ་ལ་ཡའི་རི་བརྒྱུད་གཙོས་རྒྱ་གར་བོད་བརྒྱུད་ནང་བསྟན་མུ་མཐུད་སྲ་བརྟན་ཐོག རྒྱ་གར་ནི་ནང་ཆོས་ཀྱི་འབྱུང་ཁུངས་ཡིན་པ་དང་། དཔལ་ན་ལན་ཌའི་གལ་གནད་འབུར་དུ་ཐོན་ཐུབ་པ་དགོས།
༣། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་གསལ་བ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོ་པ་ཚོའི་འགོ་ཁྲིད་ཚོར་ཁེ་ཕན་གང་ཡོད་པ་རྣམས་གསལ་འདོན་བྱེད་དགོས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་གསལ་ལྟར། མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྐྲུན་ཐུབ་པ་ཡིན་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕན་ཐོག་ཡོང་རྒྱུ་མ་གཏོགས་དེ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནོད་ཀྱི་མེད་པའི་རྒྱུ་མཚན་གནས་ལུགས་ཚད་ལྡན་གསལ་བཤད་དགོས་པ།
༤། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོ་པ་ཚོའི་འགོ་ཁྲིད་ཚོས་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་གསལ་ཐབས་ལ་གནོན་ཤུགས་སྤྲོད་ཆེད་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་བོད་ཀྱི་གནད་དོན་ཐོག་སྔར་ལས་ལྷག་པའི་ལས་འགུལ་སྤེལ་དགོས་པ་དང་། བོད་ཀྱི་གནད་དོན་ནི་དྲང་བདེན་དང་། ཁྲིམས་ལུགས་ལྡན་པའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྔར་བས་ཇེ་གསལ་དང་གོ་རྟོགས་ཤུགས་ཆེ་སྤེལ་དགོས། རྒྱལ་སྤྱིའི་མང་ཚོགས་ཀྱི་བསམ་བློར་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་སྤེལ་ཏེ་སེམས་འགུལ་ཐེབས་ཐུབ་པ་ཞིག་བཟོ་དགོས།
༥། རྒྱ་ནག་གི་འགོ་ཁྲིད་ཁག་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་གཞུང་དང་། ཚོང་འབྲེལ། སྤྱི་ཚོགས་འགོ་ཁྲིད་སོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་ལམ་བཙུགས་ན་དགེ་མཚན་ཡོད་པའི་སྐོར་རྒྱ་ནག་གི་འགོ་ཁྲིད་ཚོར་བསྐུལ་མ་བྱེད་འཇུག་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་སྐབས་གྲོས་མོལ་བརྒྱུད་རྒྱུ་མཚན་ལྡན་པའི་བོད་རྒྱ་མི་རིགས་གཉིས་ཕན་གྱི་ཐག་གཅོད་གང་བྱུང་ཡང་དེར་བོད་མི་ཚང་མས་རྒྱབ་སྐྱོར་ཐོབ་ངེས་ཡིན། མགོན་པོ་གང་ཉིད་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུ་དེ་ལྟར་ཡོང་ཐུབ་རྒྱུ་ཁག་པོ་རེད།
༦། འབྱུང་འགྱུར་ལོ་ལྔ་ནི་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ཆེས་གཉན་འཕྲང་གི་དུས་སྐབས་ཤིག་ཡིན། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དེ་དག་འཕྲལ་སེལ་ཛ་དྲག་གི་དུས་སྐབས་ཙམ་ལ་དམིགས་ནས་གཏན་འབེབ་གནང་བ་ལས་ཕུགས་རྒྱང་རིང་པོར་དགོངས་བཞེས་མ་གནང་ཚེ་དམིགས་ཡུལ་དང་ཐབས་ལམ་གྱི་ཁྱབ་རྒྱ་ཇེ་ཆུང་རུ་འགྲོ་སྲིད།
༧། རྒྱ་ནག་ནང་དང་ཕྱི་སྡོད་རྒྱ་རིགས་རྣམས་ལ་འབྲེལ་ལམ་འཛུགས་རྒྱུར་ཤུགས་སྣོན་རྒྱག་ཆེད་བོད་མིའི་ཁྲོད་རྒྱ་སྐད་ཀྱི་ཆུས་ཚད་ཡར་རྒྱས་གཏོང་དགོས། ཧོང་ཀོང་རྒྱ་མི་རིགས་ཚོ་དང་འབྲེལ་བ་བྱེད་བདེ་བ་ཡོད་སྟབས་ཁོང་ཚོ་དང་འབྲེལ་ལམ་བྱས་ཏེ་བོད་དོན་ལས་འགུལ་སྤེལ་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་ནས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་རྒྱ་རིགས་ཚོ་དང་ཆོས་འབྲེལ་མུ་མཐུད་རྒྱུན་སྐྱོང་མཛད་གལ། བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་མཁན་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྒྱ་རིགས་ཤེས་ལྡན་པ་རྣམས་ཀྱིས་བོད་དོན་སྐོར་ཆེད་རྩོམ་གང་མང་སྤེལ་དགོས།
༨། སྤྱིར་བོད་ཀྱི་གནད་དོན་སྐོར་ཞི་མོལ་ཚད་དང་ལྡན་པ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་ཁར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་གམ་བོད་ནང་གདན་འདྲེན་ཞུ་རྒྱུ་སོགས་གནད་དོན་བྱེ་བྲག་པ་རེ་ཟུང་ཐོག་གྲོས་མོལ་ཡོང་ཐུབ་པའི་འཆར་གཞི་གསར་པ་དང་། བརྒྱུད་ལམ་གསར་པ་འཚོལ་དགོས། བྱེ་བྲག་གི་གནད་དོན་གཞན་དཔེར་ན། བོད་མཐོ་སྒང་གི་ཁོར་ཡུག་དང་འབྲེལ་བའི་གནད་དོན་དང་། དེ་བཞིན་ཆུ་དང་། ཤེས་ཡོན་(དཔེར་ན་ཕྱི་རྒྱལ་དུ་སློབ་སྦྱོང་གོ་སྐབས་) སོགས་ཡོད།
༩། བོད་མིའི་སྤྱི་ཚོགས་ཁྲོད་བསམ་ཚུལ་འདྲ་མིན་ཡོད་པ་དེས་དབུ་མའི་ལམ་གྱི་སྲིད་བྱུས་ལམ་ལྷོངས་ཡོང་བར་ཕན་ཐོགས་ཡོད། དེར་བརྟེན་བསམ་ཚུལ་འདྲ་མིན་བྱུང་བ་དེ་དག་མཐུན་པའི་རྐྱེན་ལས་དགག་བྱར་ངོས་འཛིན་གནང་མི་རུང་། བོད་མིའི་སྒྲིག་འཛུགས་ཀྱིས་མང་གཙོའི་ལྟ་གྲུབ་གཙིགས་ཆེར་འཛིན་པ་གཞིར་བཟུང་། རང་དབང་མང་གཙོ་ལྡན་པའི་སྤྱི་ཚོགས་ནང་བསམ་ཚུལ་དང་འདོད་ཚུལ་མི་འདྲ་བ་མང་པོ་ཡོང་ཆོག རྒྱ་ནག་གཞུང་དང་དེ་མིན་གཞན་གྱིས་སྐྱོན་བརྗོད་བྱེད་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་གོང་གསལ་གྱི་རྒྱུ་མཚན་དེ་དག་ལུང་འདྲེན་བྱས་པ་ཙམ་མ་ཟད། གལ་ཏེ་མི་མང་ཐོག་དྲག་གནོན་བྱས་པ་ཡིན་ན་ཁོང་ཚོས་ངོ་རྒོལ་བྱ་རྒྱུ་ཆོས་ཉིད་ཡིན་པའང་བརྗོད་དགོས།
༡༠། བོད་མི་དང་བོད་ཀྱི་འཐབ་རྩོད་ལས་འགུལ་ཁྲོད་ (འདིར་བོད་མིའི་སྒྲིག་འཛུགས་བརྗོད་ཀྱི་མེད་) རྒྱ་ནག་གི་གྲངས་ཉུང་མི་རིགས་དང་། གྲངས་ཉུང་མི་རིགས་ཐོག་གི་སྲིད་བྱུས་སྐོར་གྱི་བགྲོ་གླེང་རིགས་ནང་མཉམ་ཞུགས་བྱེད་དགོས་ཤིང་། སྐབས་དེར་གནད་དོན་དེ་དག་ཐོག་འཐབ་བྱུས་དང་ལྡན་པའི་ལངས་ཕྱོགས་འཛིན་དགོས། དེ་ཡང་བོད་མི་རྣམས་རྒྱ་ནག་ཁོངས་ཀྱི་གྲངས་ཉུང་མི་རིགས་ཤིག་ཡིན་པར་ངོས་འཛིན་བྱེད་རྒྱུ་མེད། དེ་ལྟར་ངོས་འཛིན་བྱས་ཚེ་བོད་དང་བོད་མིའི་གནས་བབ་སྐོར་བོད་མིའི་ལངས་ཕྱོགས་ལ་དོ་ཕོག་གཏོང་གི་ཡོད།
༡༡། རྒྱ་ནག་དང་རྒྱལ་སྤྱིའི་བསམ་ཚུལ་ལ་ཤུགས་རྐྱེན་བཟོ་ཐུབ་མཁན་གྱི་རྒྱལ་ཁབ་ཁག་དང་རྒྱུན་གཏན་དུ་གྲོས་མོལ་ཡང་ཡང་གནང་སྟེ། ཁོང་ཚོས་རྒྱ་ནག་དང་རྒྱལ་ཁབ་ཕན་ཚུན་ཐུན་མོང་གྱི་བདེ་འཇག་གནད་དོན་སྐོར་གྲོས་མོལ་བྱེད་སྐབས་བོད་ཀྱི་གནད་དོན་དེ་ཡང་གྲོས་གཞིའི་ཁོངས་འཇོག་ཐབས་བྱེད་དགོས། ཨ་རིའི་གཞུང་གི་སྤྱི་ཡོངས་ཀྱི་འཛིན་སྐྱོང་མ་ལག་དང་འོས་ཤིང་འཚམ་པའི་འབྲེལ་ལམ་འཛུགས་ཕྱོགས་སྐོར་དགོངས་པ་བཞེས་དགོས་པ་གལ་ཆེ། རྒྱ་ནག་སྐོར་ཨ་རིའི་གྲོས་ཚོགས་ནས་བཏོན་པའི་ལོ་འཁོར་སྙན་ཐོར་ཉམས་ཞིབ་ཀྱིས་དེའི་ནང་བོད་ཀྱི་གནད་དོན་སྐོར་བློ་འཚབ་དང་རྒྱབ་གཉེར་བསམ་འཆར་སོགས་གསལ་འདོན་བྱེད་ཡོད་མེད་ཞིབ་འཇུག་བྱེད་དགོས།
༡༢། “ཨེ་ཤི་ཡའི་ཆུ་མཛོད་”ཡིན་པའི་ཆ་ནས་བོད་གལ་ཆེན་པོ་ཆགས་ཡོད་པ་དེ་རྒྱུ་མཚན་ལྡན་པའི་ཐོག་ནས་ནན་བཤད་བྱེད་དགོས། ཁོར་ཡུག་དང་། གནམ་གཤིས་འགྱུར་ལྡོག ཆུའི་གནད་དོན་སོགས་ཀྱི་སྐོར་འབྲེལ་ཡོད་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་འཛུགས་དགོས་ཤིང་། ཨེ་ཤི་ཡ་དང་རྒྱལ་སྤྱིའི་གླེང་སྟེགས་ཁག་གི་ནང་དུའང་མཉམ་ཞུགས་བྱེད་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་གཙང་ཆུ་ལ་བརྟེན་པའི་ཨེ་ཤི་ཡ་རྒྱལ་ཁབ་ཁག་གི་ཆོས་ལུགས་དབུ་ཁྲིད་ཀྱི་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་སྟེ། གྲོས་བསྡུར་དང་། ཆུ་ནི་འགྲོ་བ་མི་ཀུན་གྱིས་ཐུན་མོང་དུ་ལོངས་སུ་སྤྱོད་ཡུལ་ཞིག་ཡིན་པའི་གསལ་བསྒྲགས་སྤེལ་དགོས།
༡༣། རྒྱལ་སྤྱིའི་གླེང་སྟེགས་ཁག་ཏུ་བོད་དོན་སྐོར་བགྲོ་གླེང་གང་མང་ཡོང་ཐབས་བྱེད་དགོས། དཔེར་ན། རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་སྡེ་ཚན་ (UNESCO) དང་། རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ (COP 21) སོགས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་དྲ་ལམ་ཐོག་ནས་མཉམ་ཞུགས་བྱ་རྒྱུའི་ཐབས་ལམ་ཡོད་མེད་དང་། དེའི་ཁེ་ཕན་ཇི་ཡོད་རྟོག་ཞིབ་བྱེད་དགོས།
གྲོས་གཞི་གཉིས་པ།
རྒྱ་གར་གཙོས་ཨེ་ཤི་ཡ་དང་བོད་ཀྱི་འབྲེལ་བ།
གལ་ཆེའི་རྒྱབ་གཉེར་བསམ་འཆར།
༡། རྒྱ་གར་གི་མཐོ་སློབ་ཁག་གི་ནང་བོད་རིག་པའི་སློབ་སྦྱོང་གོང་སྤེལ་གཏོང་དགོས། དེ་ཡང་ལ་དྭགས་ལྟ་བུའི་ས་ཁུལ་ལ་དབུས་མཐོ་སློབ་གསར་རྒྱག་དང་། རྒྱ་གར་གྱི་མཐོ་སློབ་ཁག་གི་ནང་བོད་རིག་པའི་ཞིབ་འཇུག་སྡེ་ཚན་ཟུར་འཛུགས་ཆེད་མཐུན་འགྱུར་རོགས་རམ་བྱ་རྒྱུ། བོད་མིའི་སྒྲིག་འཛུགས་ནས་ཀྱང་འཕགས་བོད་གཉིས་ཀྱི་སྲོལ་རྒྱུན་སྐོར་གྱི་མཁས་དབང་རྒྱ་གར་བ་དང་བོད་མིའི་ཁྲོད་བགྲོ་གླེང་གང་མང་གོ་སྒྲིག་ཞུ་དགོས།
༢། ཧི་མཱ་ལ་ཡི་རི་རྒྱུད་ཀྱི་མི་མང་བརྒྱུད་རྒྱ་གར་ས་གནས་མི་མང་དང་མཐུན་འབྲེལ་གོང་སྤེལ་གཏོང་དགོས། ལས་དོན་འདིའི་ཆ་ཤས་གཅིག་ནི་བོད་མིའི་སྒྲིག་འཛུགས་ངོས་ནས་ཧི་མཱ་ལ་ཡི་རི་རྒྱུད་ཀྱི་གྲོས་ཚོགས་འཐུས་མི་དང་འབྲེལ་ལམ་འཛུགས་དགོས། གལ་ཏེ་བྷོ་ཊི་སྐད་ཡིག་རྒྱ་གར་མཐོ་སློབ་ཁག་གི་སློབ་ཚན་ནང་འཇོག་རྒྱུར་ཤུགས་སྣོན་རྒྱག་ཐུབ་པ་ཡིན་ན། དེས་ཧི་མཱ་ལ་ཡི་རི་རྒྱུད་དང་འཕགས་བོད་ས་མཚམས་ཁུལ་དུ་བོད་ཀྱི་གནད་དོན་གོང་འཕེལ་ལ་ཕན་ཐོགས་ཡོད། ལས་གཞི་འདི་དང་ཧི་མཱ་ལ་ཡི་རི་རྒྱུད་ཀྱི་ས་ཁུལ་དུ་བོད་ཡིག་སློབ་སྦྱོང་སྤྲོད་རྒྱུའི་ལས་གཞི་གཉིས་ཟུང་སྦྲེལ་ཐོག་སྤེལ་ཆོག
གྲོས་གཞི་གསུམ་པ།
ཕྱི་འབྲེལ་དང་། དྲིལ་བསྒྲགས། བོད་དོན་ཞུ་གཏུགས་ལས་འགུལ།
གལ་ཆེའི་རྒྱབ་གཉེར་བསམ་འཆར།
༡། མང་ཚོགས་དང་འབྲེལ་ལམ། དྲིལ་བསྒྲགས་བྱེད་སྐབས་ཚང་མས་གནད་དོན་འགྲེལ་བརྗོད་བྱེད་སྟངས་ཀྱི་འགྲོས་གཅིག་མཚུངས་དགོས་པ་དེ་བོད་མིའི་སྒྲིག་འཛུགས་ངོས་ནས་སྐྲུན་དགོས། དྲིལ་བསྒྲགས་བྱེད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འཆར་སྣང་དང་། ཀུན་སློང་། འཆར་གཞི་སོགས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཆར་སྣང་དང་། བོད་དོན་འཐབ་རྩོད་ཀྱི་གལ་གནད་ཁག་གསལ་བཤད་བྱེད་ཐུབ་དགོས། སྐུ་སྒེར་ཡིག་ཚང་དང་འབྲེལ་བ་ཞུས་ཏེ། གོང་གསལ་འགྲེལ་བརྗོད་བྱེད་སྟངས་དེ་དག་ཚོགས་པ་ཚང་མས་གཅིག་མཚུངས་ལག་བསྟར་བྱེད་དགོས།
༢། འགྲེལ་བརྗོད་བྱེད་སྟངས་དེ་ཡང་བོད་དོན་འཐབ་རྩོད་ལས་འགུལ་གྱི་བཟང་ཕྱོགས་ཀྱི་རྣམ་པ་འབུར་དུ་བཏོན་དགོས་པ་ལས། དུས་རྟག་ཏུ་དཀའ་ངལ་དང་སྡུག་སྦྱོང་མནར་གཅོད་ཕོག་ཚུལ། གྱོང་རྐྱང་རྐྱང་ཕོག་རབས་བཤད་པའི་ལམ་སྲོལ་ (victim narrative) ཤ་སྟག་ཐོག་ནས་འགྲོ་རྒྱུ་མེད། འགྲེལ་བརྗོད་བྱེད་དུས་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་གཙོ་འདོན་མ་བྱས་པར་མ་འོངས་པར་བོད་མི་ཚོ་ལ་བཟང་ཕྱོགས་ཀྱི་རེ་བ་ཇི་ཡོད་དང་། བྱམས་བརྩེ་དང་འཚེ་མེད་ཞི་བའི་རིན་ཐང་གི་ནུས་པ་ལ་བརྟེན་ནས་བོད་དོན་རྒྱབ་སྐྱོར་བ་གང་མང་ཐོབ་ཐབས་བྱེད་དགོས། རྒྱལ་སྤྱིའི་མང་ཚོགས་ཁྲོད་འགྲོ་བ་མིའི་རིན་ཐང་ནི་གལ་གནད་ཆེ་ཤོས་ཀྱི་གནད་དོན་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་དང་། སྤྱི་སྒེར་གྱི་ཐོབ་ཐང་། ཆབ་སྲིད་ཀྱི་རང་དབང་། གཞན་གྱི་བདེ་སྡུག་ལ་བསམ་ཤེས། འཚེ་མེད་ཞི་བ། ཆིག་སྒྲིལ་སོགས་དགོང་བཞེད་དེ་དག་ཁྲོད་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དང་མཐུན་པའི་ཆ་མང་པོ་ཞིག་ཀྱང་ཡོད།
ལྷག་པར་དེང་སྐབས་རྒྱལ་སྤྱིའི་སྡིངས་ཆེའི་སྟེང་རྒྱ་ནག་གི་སྟོབས་ཤུགས་རྒྱས་བཞིན་པའི་དུས་སྐབས་འདིར་རྒྱལ་སྤྱིའི་ཁྱོན་དུ་གུ་ཡངས་མང་གཙོའི་རིན་ཐང་ (liberal democratic values) ཉམས་དམས་སུ་འགྲོ་བཞིན་ཡོད། ཁོར་ཡུག་དེ་འདྲ་ཞིག་འོག་བོད་དོན་འཐབ་རྩོད་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་མ་འཐེབ་པར་ཧ་ལམ་འགྲོ་ས་མེད་པ་ཞིག་ཡིན། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་གནས་སྟངས་ལ་མཚོན་ནའང་མང་གཙོ་དོན་གཉེར་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་གོང་འཕེལ་འདོད་མཁན་ཚོའི་བསམ་བློའི་ནང་བོད་མི་ཟེར་དུས་རང་བཞིན་གྱིས་སེམས་ཐག་ཉེས་པོ་ཆགས་རྒྱུ་ཡིན་པ་ཆོས་ཉིད་རེད། འཚེ་མེད་ཞི་བ་དང་། འགྲོ་བ་མིའི་ཐོབ་ཐང་། དྲང་བདེན། བྱམས་སྙིང་རྗེ་འདོད་མཁན་ཚོར་མཚོན་ན། བོད་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་བརྒྱུད་བོད་ཀྱི་གནད་དོན་གསོན་གནས་ཐུབ་ཐབས་ནི་ཁོང་ཚོའི་བསྒྲུབ་བྱའི་གནད་དོན་གལ་འགངས་ཅན་ཞིག་ཆགས་དགོས་པ་ཡིན། འགྲེལ་བརྗོད་བྱེད་སྟངས་དེའང་བོད་མིའི་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ན་ཙམ་མ་བཤད་པར། བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་པའི་སྲོལ་རྒྱུན་གྱི་གོམས་གཤིས་བཟང་པོ་དེས་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཇི་ཙམ་ཡོད་པ་དང་། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་གི་གལ་གནད་སོགས་གཙོ་འདོན་བྱེད་དགོས།
༣། བོད་མིའི་སྒྲིག་འཛུགས་ཀྱི་དགོས་མཁོ་གཞིར་བཟུང་རོགས་ཕན་སྒྲུབ་ཐུབ་མཁན་གྱི་གལ་ཆེའི་རྒྱལ་ཁབ་ཁག་གི་ཐོ་གཞུང་ཞིག་བཟོ་དགོས། ཐོ་གཞུང་དེའི་ནང་གཤམ་གསལ་རྒྱལ་ཁབ་ཚུད་དགོས།
- Africa: South Africa and Botswana
- Asia: India, Japan, Taiwan, Australia, Nepal, and Mongolia.
- Europe: UK, France, Germany, Baltic and Nordic nations, former Soviet-bloc countries, and the EU.
- North America: U.S. and Canada
- South America: Brazil and Argentina. Potentially Uruguay, Chile, Paraguay, and Panama as well.
སྤྱི་སྲོལ་གཞིར་བཞག་བོད་མིའི་སྒྲིག་འཛུགས་ངོས་ནས་རང་དང་ལྟ་ཚུལ་མཐུན་པའི་རྒྱལ་ཁབ་ཁག་དང་འབྲེལ་བ་བྱེད་དགོས། དེ་ཡང་།
- མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་སྒྱུར། འཚེ་མེད་ཞི་བ། གྲོས་མོལ་བརྒྱུད་དཀའ་རྙོག་འདུམ་སྒྲིག་བཅས་ཀྱི་རིན་ཐང་ཆོད་སེམས་བརྟན་པོའི་ཐོག་ནས་གཙིགས་ཆེར་འཛིན་མཁན།
- ད་ལྟའམ་མ་འོངས་པར་རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་བྱེད་ཐུབ་མཁན།
- གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་དོ་ཁུར་ཆེན་པོ་ཡོད་མཁན།
- སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནས་དཔེ་བླངས་ཏེ་ (དཔེར་ན་དམར་ཤོག་རིང་ལུགས་དང་། གཅིག་སྡུད་དབང་འཛིན་རིང་ལུགས། མི་སེར་སྤེལ་བའི་རིང་ལུགས་བཅས་ནས་རང་དབང་ཐོབ་པའི་རྒྱལ་ཁབ་སོགས་) བོད་མིས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་ཤེས་ཚོར་ཐུབ་མཁན།
༥། བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་དང་གནས་བབ་གོང་མཐོར་གཏོང་དགོས། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་ཕྱི་རྒྱལ་དུ་གཟིགས་སྐོར་ཕེབས་རྒྱུ་སྔར་ལས་ཇེ་མང་དུ་གཏོང་དགོས། རྒྱ་གར་རྒྱལ་ས་ལྡི་ལིར་བཅའ་སྡོད་ཕྱི་རྒྱལ་གཞུང་ཚབ་ཀྱི་མི་སྣ་དང་ལྷན་ཚོགས་འདུ་གོ་སྒྲིག་ཞུ་དགོས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ཚོགས་པ་ཁག་ནང་འཛུལ་ཞུགས། ཕྱི་རྒྱལ་གྱི་འགོ་ཁྲིད་ཚོར་བོད་དང་རྡ་སར་མགྲོན་འབོད་ཞུ་དགོས། ཆེས་མཐོའི་མཇལ་འཕྲད་གོ་སྐབས་དང་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སྲིད་སྐྱོང་། བཀའ་བློན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ། སྤྱི་འཐུས་བཅས་ནང་ཁུལ་འབྲེལ་མཐུད་ཡག་པོ་དགོས།
༦། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། ས་གནས་བོད་དོན་རྒྱབ་སྐྱོར་བ་བཅས་དང་གོ་བསྡུར་གྱིས། དོན་ཁང་ཚང་མས་སོ་སོའི་གལ་ཆེའི་རྒྱལ་ཁབ་ཁག་རེ་རེའི་འབྲེལ་ལམ་གྱི་ས་བཀྲ་ (relationship chart) བཟོས་ཏེ། ཕྱི་དྲིལ་ལས་ཁུངས་སུ་གཏོང་དགོས། ས་ཀྲ་དེའི་ནང་གཙོ་བོ་སོ་སོའི་ཁྱབ་ཁོངས་གལ་གནད་ཆེ་བའི་རྒྱལ་ཁབ་དེ་དག་གི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་བྱེའི་གནད་དོན་གང་ཅིའི་ཐད་རྒྱབ་སྐྱོར་མཁོ་གྲུབ་ཀྱི་ནུས་པར་ཤུགས་རྐྱེན་བཟོ་ཐུབ་མཁན་གྱི་གང་ཟག་ (ངེས་པར་དུ་གཞུང་གི་དཔོན་རིགས་ཡིན་མི་དགོས་) ཚང་མའི་གནས་ཚུལ་དང་། ཁོང་ཚོའི་བོད་མིའི་སྒྲིག་འཛུགས་དང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་ལྟ་ཕྱོགས་ཅི་འདྲ་ཡིན་མིན་གྱི་གནས་ཚུལ་བཀོད་ཐུབ་པ་རྣམས་འཁོད་ཡོད་དགོས།
༧། བོད་མིའི་སྒྲིག་འཛུགས་འདི་གཞུང་འབྲེལ་མིན་པའི་ཚོགས་པ་ལྟ་བུར་མ་ཡིན་པར་གཞུང་ཞིག་གི་ངོ་བོའམ་འབྱུང་འགྱུར་གྱི་གཞུང་ཞིག་གི་ངོ་བོའི་ཐོག་ནས་ལས་དོན་སྤེལ་དགོས། དེ་ཡང་ཆ་རྐྱེན་བཟང་པོ་དང་རྒྱལ་སྤྱིའི་སྟེང་གནས་བབ་གང་ཙམ་ཡོད་པའི་རྐྱེན་གྱིས་ལངས་ཕྱོགས་ཤུགས་ཆེན་པོ་བཟུང་ཐུབ་མཁན་གྱི་རོགས་ཟླ་དང་མཉམ་རུབ་ཀྱིས་འཐབ་བྱུས་ལྡན་པའི་ཐོག་ནས་ལས་དོན་སྤེལ་དགོས། དེ་མིན་གྱི་ལས་དོན་གཞན་ཡང་དེ་མཚུངས་སྤེལ་དགོས། ལྷག་དོན་དུ་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་བར་དབྱེ་བ་དང་ཡ་ལན་བྱེད་ཕྱོགས་ལ་ཁྱད་པར་ཆེན་པོ་ཡོད་སྟབས་ཁོང་ཚོ་དང་འབྲེལ་ལམ་འཛུགས་སྐབས་གཞུང་ཞིག་གི་ངོ་བོའི་ཐོག་ནས་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན།
༨། བོད་མིའི་སྒྲིག་འཛུགས་ནས་བོད་དོན་སྐོར་རྒྱལ་ཚོགས་ནང་རྒྱལ་སྤྱིའི་མི་སྣའི་འབྲེལ་གཏུགས་ཁ་བྱང་གི་ཐོ་གཞུང་ (international contact group on Tibet) ཞིག་བཟོ་བར་རྒྱབ་སྐྱོར་བྱེད་དགོས། དེ་མིན་གནད་དོན་གཞན་གྱི་འབྲེལ་གཏུགས་མི་སྣ་ལྟ་བུར་མཚོན་ན། རྒྱལ་ཁབ་སོ་སོའི་འབྲེལ་ཡོད་ལས་བྱེད་ཕན་ཚུན་རྒྱུན་དུ་ཚོགས་འདུ་ཚོགས་ཏེ། བོད་དང་བོད་དོན་འཐབ་རྩོད་དང་འབྲེལ་བའི་གནས་ཚུལ་བརྗེ་ལེན་དགོས་ཤིང་། ཚོགས་པ་འདི་རིགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་རྒྱལ་སྤྱིའི་མི་མང་ལ་བློ་འཚབ་ཡོད་པའི་བརྡ་ལན་ཞིག་མཚོན་ཐུབ།
༩། རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཁག་འདྲ་མིན་ནས་བོད་དོན་ཐད་ལས་དོན་སྤེལ་བའི་ཆེད་ཇི་ནི་ཝར་འཆར་གཞི་ལྡན་པའི་ཐོག་ནས་དམིགས་བསལ་གྱི་ཞུ་གཏུགས་ལས་འགུལ་སྤེལ་དགོས་མིན་རྟོག་ཞིབ་བྱེད་དགོས། འདི་འདྲའི་ལས་འགུལ་སྤེལ་སྐབས་བོད་དང་རྒྱ་ནག་ནང་གི་མང་ཚོགས་ཀྱི་བསམ་ཚུལ་ཚུད་དགོས། ལྷ་རབ་བྱུང་ན་དྲྭ་ལམ་བརྒྱུད་ཐད་ཀར་མཉམ་ཞུགས་བྱེད་ཐུབ་མིན་གཟིགས་དགོས།
༡༠། འབྱུང་འགྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དྲང་བདེན་དང་འདུམ་སྒྲིག་གི་བརྒྱུད་རིམ་ (truth and reconciliation process) དང་འབྲེལ་བའི་རྨང་གཞིའི་གྲ་སྒྲིག་ད་ལྟ་ནས་བྱེད་པ་ཡིན་ན། དྲང་བདེན་དང་འདུམ་སྒྲིག་གི་ལས་རིམ་དངོས་སུ་འགོ་འཛུགས་སྐབས་ལས་དོན་ཚགས་ཚུད་ཡོང་བ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བལྟ་སྲུང་དང་བོད་དོན་འཐབ་རྩོད་ཀྱི་གལ་ཆེའི་གཞི་བརྟེན་ཞིག་ཀྱང་ཆགས་ངེས།
༡༡། བོད་མིའི་སྒྲིག་འཛུགས་དང་། སྐུ་ཚབ་དོན་གཅོད་ཁང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་གསར་འགྱུར་བརྒྱུད་ལམ་ཁག་ཚང་མ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་བརྒྱུད་ལམ་ཁག་ནས་འབྲེལ་མཐུད་བྱས་ཏེ། གསར་ཐོན་གནས་ཚུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལས་དོན་གྱི་གསར་འཕྲིན་སོགས་དུས་གཅིག་ཏུ་འདོན་སྤེལ་བྱས་ཏེ། བརྒྱུད་ལམ་གྱི་ཁྱབ་ཚད་ཇེ་ཆེར་བཏང་ཐུབ། ལས་གཞི་འདིའི་ཆ་ཤས་གཅིག་ནི། དོན་ཁང་སོ་སོའི་ཁྱབ་ཁོངས་ས་ཁུལ་ཁག་གི་ནང་ཤུགས་རྐྱེན་ལྡན་པའི་གསར་འགོད་པ་ངོས་ཆོད་དེ། ཁོང་ཚོར་གྲོགས་གཤིབ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་བརྒྱུད་ལམ་ཁག་གི་ཆེད་རྩོམ་ཡིག་འབྲི་བ་སོགས་ཀྱི་མཐུན་འགྱུར་ཞུ་དགོས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བརྒྱུད་ལམ་ཁག་གི་ནང་དོན་ཚད་ལྡན་བཟོ་དགོས། དཔེར་ན་བོད་ཡིག་གི་ཐ་སྙད་བཀོལ་སྤྱོད་བྱེད་ཕྱོགས་གཅིག་མཚུངས་དང་ཚད་ལྡན་བཟོས་ཏེ། རྒྱ་ཡིག་གི་ཐ་སྙད་དང་ཚིག་སོགས་བེད་སྤྱོད་མ་བཏང་བར་དེ་དག་གི་ཚབ་ཏུ་འོས་འཚམས་ཀྱི་བོད་ཡིག་ཐ་སྙད་དང་ཚིག་སོགས་ཚང་མས་གཅིག་མཚུངས་བེད་སྤྱོད་གཏོང་དགོས།
༡༢། བོད་མིའི་སྒྲིག་འཛུགས་ཀྱི་(བརྒྱུད་ལམ་)གྱི་ཁྱབ་ཚད་རྒྱ་ཆེ་རུ་གཏོང་ཆེད་འགྲེམས་སྤེལ་གྱི་འཐབ་བྱུས་ (distribution strategy) གསར་སྐྲུན་བྱེད་དགོས། འདི་འདྲའི་འཐབ་བྱུས་གསར་གཏོད་བྱེད་སྐབས་ད་ལྟ་ཉིད་ནས་བརྒྱུད་ལམ་ཁག་གི་ནང་ཁྱབ་ཚད་གང་ཙམ་ཡོད་པའི་མི་སྣ་བེད་སྤྱོད་གཏོང་ཐབས་བྱེད་དགོས། ལྷག་དོན་དུ་ twitter ཐོག་རྗེས་འཇུག་པ་ས་ཡ་བཅུ་དྲུག་ཡོད་མཁན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་བརྡ་འཕྲིན་སོགས་བརྒྱུད་ལམ་ཁག་གི་ནང་ཁྱབ་སྤེལ་བྱེད་ཐུབ་མཁན་སོ་སོའི་སྤྱི་ཚོགས་ནང་སྔོན་ཚུད་ནས་ཡོད་བཞིན་པ་དེ་དག་ངོ་ཆོད་དགོས་ཤིང་། ཁོང་ཚོའི་ནང་རྒྱབ་ལྗོངས་དང་ལོ་ཚད་འདྲ་མིན་གྱི་ཕོ་མོ་གཉིས་ཀ་ཡོད་དགོས། དཔེར་ན། (དྲ་ལམ་ཐོག་)རྒྱ་གར་བཅའ་སྡོད་ཨ་རི་གཞུང་ཚབ་ཁང་ལས་ཨ་རི་གཞུང་ཚབ་ཆེན་མོའི་རྗེས་འཇུག་པ་མང་བ་ཡོད། བརྒྱུད་ལམ་ཁག་གི་ནང་གནས་ཚུལ་རྒྱ་གང་ཆེ་ཁྱབ་སྤེལ་ཐུབ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་བོད་མིའི་སྒྲིག་འཛུགས་མཉམ་རུབ་ཀྱིས་ཐུན་མོང་གི་ཁེ་ཕན་ཡོད་པའི་གནད་དོན་དཔེར་ན་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱེད་དགོས། བོད་མིའི་སྒྲིག་འཛུགས་ངོས་ནས་གོ་སྐབས་ནམ་བྱུང་ལ་སོ་སའི་བརྡ་འཕྲིན་ཁྱབ་བསྒྲགས་བྱེད་དགོས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཕྱོགས་བསྐྱོད་དང་མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་སྐབས་སྒྲིག་འཛུགས་ཀྱི་དྲ་རྒྱ་གཙོས་བརྒྱུད་ལམ་ཁག་ཁྱབ་བསྒྲགས་བྱེད་དགོས། མཐའ་བསྡོམས་གཟུགས་བརྙན་གྱི་བོད་ཡུལ་ཞིག་ (virtual Tibet) བསྐྲུན་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་མང་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་གསལ་སྟོན་བྱེད་རྒྱུ་དང་། བོད་དོན་རྒྱབ་སྐྱོར་བྱེད་མཁན་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་ཡོད་པ་ཙམ་མ་ཟད། གལ་ཏེ་གཟུགས་བརྙན་གྱི་བོད་ཡུལ་དེའི་ “མི་སེར་””བྱེད་འདོད་ཡོད་མཁན་རྣམས་ནས། དྭངས་བླང་མི་སེར་དཔྱ་དངུལ་བསྡུ་ཐབས་ཡོད་ན་ཁོང་ཚོར་ཐད་ཀར་ཞལ་འདེབས་འབུལ་རྒྱུའི་ཐབས་ལམ་སྐྲུན་ཐུབ།
༡༣། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྱབ་སྤེལ་བྱས་པའི་དྲིལ་བསྒྲགས་ཡིག་ཆ་དང་མགོ་མ་འཁྲུག་པའི་ཆེད། བོད་མིའི་སྒྲིག་འཛུགས་ནས་དྲྭ་ཐོག་འཚོལ་ཆས་ (search engine) དང་། Wikipedia སྟེང་ཡོད་པའི་བོད་དང་འབྲེལ་བའི་གནས་ཚུལ་ཁག་སྟངས་འཛིན་བྱེད་ཐབས་འབད་བརྩོན་བྱེད་དགོས། དེ་ཡང་དྲྭ་ཐོག་འཚོལ་ཆས་སྟེང་བོད་དང་འབྲེལ་བའི་གནས་ཚུལ་འཚོལ་ཞིབ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་གནས་གནས་ཚུལ་སྔོན་ལ་ཐོན་ཐུབ་པའི་ཐབས་ལམ་ (search engine optimization) བསྟེན་དགོས།
གྲོས་གཞི་བཞི་པ།
ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་བོད་མིའི་སྒྲིག་འཛུགས་ནས་འགོ་ཁྲིད་གནང་ཕྱོགས།
གལ་ཆེའི་རྒྱབ་གཉེར་བསམ་འཆར།
༡། རྒྱ་གར་གཞུང་ངམ། དེ་མིན་གྱི་སྦྱིན་བདག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་དང་འབྲེལ་བ་བྱས་ཏེ། རྒྱ་གར་གྱི་གཙོ་ཆེའི་གྲོང་ཁྱེར་ཚང་མར་“བོད་ཁང་”ངམ། “ནོར་བུ་གླིང་ག་”ཞིག་གསར་སྐྲུན་བྱེད་ཐབས་རྟོག་ཞིབ་བྱེད་དགོས། སྒྲིག་འཛུགས་འདི་དག་གི་དམིགས་ཡུལ་གཙོ་བོ་ནི་ས་གནས་ཡུལ་མི་ལ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ངོ་སྤྲོད་བྱས་ནས་ཕན་ཚུན་མཐུན་སྦྲེལ་གོང་སྤེལ་དང་། ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་རྒྱུ་ཡིན།
༢། བོད་མིའི་སྒྲིག་འཛུགས་ཕྱོགས་ནས་རྒྱ་གར་དབུས་དང་། མངའ་སྡེ། དེ་བཞིན་ས་གནས་སྲིད་གཞུང་དང་མཉམ་རུབ་ཀྱིས་རྡ་རམ་ས་ལ་ཁུལ་དང་། བོད་མིའི་གཞིས་ཆགས་ཁག་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུའི་ལས་གཞི་ལག་བསྟར་བྱེད་དགོས། བོད་མིའི་གཞིས་ཆགས་ཁག་གི་དགོན་པ་དང་། བཙུན་དགོན། དེ་བཞིན་སྒྲིག་འཛུགས་གཞན་རྣམས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐུན་མོང་མ་ཡིན་པའི་མཚོན་རྟགས་ཆགས་ཡོད་སྟབས། གལ་ཏེ་ཡིད་གཟབ་དང་གུས་བཀུར་ལྡན་པའི་ཐོག་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་སྤེལ་བ་ཡིན་ན། རྒྱ་གར་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པས་ས་གནས་ཡུལ་མི་དང་བོད་མི་ཚང་མར་ཕན་ཐོགས་ཡོང་ངེས།
༣། བོད་མིའི་སྒྲིག་འཛུགས་ངོས་ནས་ཕྱི་རྒྱལ་སྐུ་ཚབ་དོན་ཁང་གི་ལས་འགན་བསྐྱར་དུ་བཀོད་སྒྲིག་བྱས་ནས་ཁོང་ཚོའི་དུས་ཚོད་དང་མཐུན་རྐྱེན་མང་ཆེ་བ་དེ་བོད་དོན་ཞུ་གཏུགས་དང་། དྲིལ་བསྒྲགས། དེ་བཞིན་བོད་དོན་དང་བོད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཀྱི་འགན་འཁུར་རྒྱ་ཆེ་ས་ནས་བླང་ཐུབ་དགོས། སྐུ་ཚབ་དོན་ཁང་ཁག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་རིགས་ཚོགས་པ། དེ་བཞིན་བཙན་བྱོལ་མང་ཚོགས་དང་མཉམ་རུབ་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དུས་རྟག་ཏུ་ནུས་པ་ལྡན་པའི་ཐོག་ནས་ལས་དོན་སྤེལ་དགོས། སྐུ་ཚབ་དོན་ཁང་ཁག་ནས་སོ་སོའི་ས་ཁུལ་དུ་མང་ཚོགས་ཀྱི་བློ་སྤོབས་སྤེལ་བ་དང་སྣེ་ཁྲིད་ཐུབ་པ་བྱས་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་ཕན་ཐོགས་དགོས་པ་དེ་གལ་ཆེ་ཤོས་ཡིན།
༤། བོད་མིའི་སྒྲིག་འཛུགས་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་མཐོ་སློབ་ནང་བོད་རིག་པའི་ཞིབ་འཇུག་སྡེ་ཚན་ཟུར་འཛུགས་ཡོང་ཐབས་ལ་སྐུལ་མ་བྱེད་དགོས། དེ་བཞིན་འབུམ་རམས་པ་སློབ་སྦྱོང་བྱེད་མཁན་དང་། སྲིད་བྱུས་དབྱེ་ཞིབ་དང་བོད་དོན་དང་འབྲེལ་བའི་ཉམས་ཞིབ་གཙོ་བོར་འགྱུར་བའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་མཁན་གྱི་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཇེ་མང་དུ་གཏོང་ཐབས་འབད་བརྩོན་བྱེད་དགོས། བོད་དང་བོད་དོན་དང་འབྲེལ་བའི་ཚོགས་འདུ་དང་། དཔྱད་རྩོམ། ཆེད་ལས་རྩོམ་ཡིག་སོགས་ཀྱི་སྤུས་ཀ་དང་གྲངས་འབོར་ཇེ་མང་དུ་གཏོང་ཐབས་བྱེད་དགོས། རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་གིས་གཙོས་(རྒྱལ་སྤྱིའི་)སློབ་ཕྲུག་འདྲ་མིན་དང་འབྲེལ་ལམ་བཙུགས་ཏེ་བོད་དོན་གླེང་སློང་བྱེད་པ་སོགས་ཧ་ཅང་གལ་ཆེ། ཕུགས་རྒྱང་རིང་པོའི་བསམ་བློ་གཏང་ན། ལས་གཞི་འདི་དག་གིས་བོད་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་དང་། བོད་མིའི་སྒྲིག་འཛུགས་འདི་བཞིན་གཞིས་བྱེས་བོད་མི་ཡོངས་ཀྱི་དོན་དམ་གྱི་སྐུ་ཚབ་ཡིན་པ་ངོས་འཛིན་དང་རྒྱབ་སྐྱོར་བྱེད་མཁན་སྔར་བས་ཇེ་མང་དུ་འགྲོ་ངེས་ཡིན།
༥། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་བོད་མི་ཚོར་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་གྱི་ལྟེ་གནས་ཞིག་གསར་འཛུགས་བྱེད་དགོས། ལྟེ་གནས་འདིའི་གཙོ་བོ་(ཀ) བོད་མིའི་སྒྲིག་འཛུགས་དང་ཆ་འཇོག་ཡོད་པའི་ཁུངས་གཞན་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་སྤེལ་སྐབས་དེ་དག་བོད་ནང་གི་བོད་མི་ཚོར་བརྒྱུད་སྤེལ་བྱེད་དགོས། (ཁ) གཞིས་བྱེས་བོད་མི་ཕན་ཚུན་རྒྱུན་གཏན་གྱི་འབྲེལ་ལམ་འཛུགས་ཐབས། (ང་།) ཕྱི་རྒྱལ་མི་མང་དང་ཚོགས་པ་ཁག་དང་བོད་ནང་གི་བོད་མི་ཚོར་རྒྱུན་གཏན་གྱི་འབྲེལ་ལམ་འཛུགས་ཐབས་བྱེད་དགོས། ལས་གཞི་འདིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་ལ་རོགས་འདེགས་བྱེད་ཐུབ། ལྟེ་གནས་འདི་དགོངས་འཆར་ནང་གསལ་གྱི་ལྡི་ལིའི་བརྒྱུད་ལམ་ལྟེ་གནས་ཀྱི་ཆ་ཤས་སམ་མཉམ་དུ་གསར་འཛུགས་བྱེད་ཆོག་ལ། བོད་མིའི་སྒྲིག་འཛུགས་འོག་ཀྱི་ལས་ཁང་ཞིག་གམ་ལས་ཁུངས་ཀྱི་ཚན་པ་ཞིག་གི་ངོ་བོའི་ཐོག་ནས་ཀྱང་གསར་འཛུགས་བྱེད་ཆོག ད་ལྟ་ཡོད་བཞིན་པའི་གཞིས་བྱེས་བོད་མི་ཕན་ཚུན་འབྲེལ་ལམ་གྱི་བརྒྱུད་ལམ་དེ་དག་ཁར། ལྟེ་གནས་འདི་འབྲེལ་ལམ་གྱི་བརྒྱུད་ལམ་ཁ་སྣོན་ཞིག་བྱེད་ཐུབ།
༦། འདི་འདྲའི་ལྟེ་གནས་ཤིག་གསར་འཛུགས་ཆེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐོག་མར་ད་ལྟའི་ཆར་གཞིས་བྱེས་བོད་མི་ཕན་ཚུན་འབྲེལ་ལམ་གྱི་བརྒྱུད་ལམ་གཙོ་ཆེ་ཤོས་གང་ཡིན་ཐོག་དཔྱད་ཞིབ་བྱེད་དགོས། སྐབས་དེར་རྒྱལ་སྤྱིའི་མི་མང་དང་ཚོགས་པ་ཁག་གིས་བརྒྱུད་ལམ་གང་ལ་བརྟེན་ནས་བོད་ནང་གི་བོད་མི་དང་འབྲེལ་བ་བྱེད་ཀྱི་ཡོད་པ་དེའང་དཔྱད་ཞིབ་བྱེད་དགོས། འདི་འདྲའི་དཔྱད་ཞིབ་སྐབས་གཤམ་གསལ་གྱི་མི་སྣ་ཁག་ལ་བཅར་འདྲི་བྱེད་དགོས།
ཀ བོད་ནས་གསར་དུ་འབྱོར་བའི་བོད་མི།
ཁ། བཙན་བྱོལ་བོད་མི།
ག བོད་མི་ན་གཞོན།
ང་། ཉེ་ཆར་བོད་དུ་བསྐྱོད་མྱོང་མཁན་གྱི་ཕྱི་རྒྱལ་མི་རིགས་གཞན།
ཅ། བོད་ནང་གི་བོད་མི་དང་རྒྱུན་གཏན་དུ་འབྲེལ་བ་བྱེད་མཁན་འཛམ་གླིང་ཁྱོན་ཡོངས་ལ་ཡོད་པའི་བོད་ཀྱི་གྲོགས་པོ་རྣམས། ལྷག་དོན་དུ་ཧོང་ཀོང་དང་། ཐའེ་ཝན། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གི་མི་སྣ།
དཔྱད་ཞིབ་འདིའི་དགོས་དམིགས་གཙོ་བོ་ནི་ལྟེ་གནས་འདི་གསར་འཛུགས་ཀྱི་འཆར་གཞི་བཀོད་སྒྲིག་བྱེད་པའི་སྐབས་ངེས་པར་དུ་གཞིས་བྱེས་བོད་མི་སོགས་ཕན་ཚུན་འབྲེལ་ལམ་གྱི་བརྒྱུད་ལམ་གང་བསྟེན་གྱི་ཡོད་པ་དང་། དེ་བཞིན་དྲྭ་ལམ་གྱི་ཉེན་སྲུང་གི་གནད་དོན་ཡོངས་རྫོགས་རྒྱུས་ལོན་དགོས་པ་གལ་འགངས་ཆེ།
༧། བོད་མིའི་སྒྲིག་འཛུགས་སོ་སོའི་ངོས་ནས་(ཡང་ན་གཞན་དང་མཉམ་རུབ་ཀྱིས)བོད་ཡིག་ཐོག་ནང་དོན་ཚད་ལྡན་ (content) ཡོད་པའི་རིགས་བོད་ནང་ཁྱབ་སྤེལ་བྱེད་དགོས། ནང་དོན་འདིའི་ཁོངས་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་སྲིད་བྱུས་དང་ལས་གཞི་དང་། བོད་དང་འབྲེལ་བའི་ཉེ་ལམ་གྱི་ཆབ་སྲིད་དང་སྤྱི་ཚོགས་འཕོ་འགྱུར། བོད་དང་རྒྱལ་སྤྱིའི་ནང་ཁྱབ་སྤེལ་བྱེད་པའི་བོད་དོན་དང་འབྲེལ་བའི་འཁྱོག་བཤད་ཀྱི་གནས་ཚུལ་རིགས། དེ་བཞིན་རྒན་བྱིས་གཞོན་གསུམ་ལ་མཁོ་བའི་རིག་གཞུང་དང་ཤེས་ཡོན་གྱི་གནས་ཚུལ་སོགས་བཀོད་དགོས། བོད་ཡིག་ཐོག་སྤྱི་ཚོགས་བརྒྱུད་ལམ་གྱི་ཞབས་ཞུ་དང་། སྤྲོ་སྐྱིད་ཀྱི་རྒྱུ་ཆའི་རིགས་ (entertainment material) གལ་ཏེ་ད་ལྟའི་ཆར་མེད་པ་ཡིན་ན་དེ་དག་ཀྱང་ཁྱབ་སྤེལ་བྱེད་དགོས།
༨། གཞིས་བཞུགས་བོད་མི་རྣམས་ལ་ཤུགས་རྐྱེན་སྤྲད་ནུས་པའི་སྲིད་བྱུས་སམ། ལས་གཞི། ལས་འགུལ་སྤེལ་སྐབས་བཙན་བྱོལ་དུ་བོད་ནས་གསར་དུ་ཕེབས་པའི་བོད་མི་རྣམས་བེད་སྤྱོད་གཏོང་ཐབས་ཡོད་མིན་གཟིགས་དགོས། འདི་ལྟར་ཕྱོགས་ཡོངས་ནས་མཉམ་ཞུགས་དང་གྲོས་བསྡུར་བྱེད་སྐབས་ཕན་ཚུལ་འབྲེལ་བ་གཏིང་ཟབ་ཡོང་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་འདི་བཞིན་བོད་མིའི་ཁྲིམས་མཐུན་གྱི་ངོ་ཚབ་ངོ་མ་ཡིན་པའི་རྒྱབ་སྐྱོར་མཚོན་པ་ཡིན། གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་གྲོས་མོལ་བསྐྱར་དུ་འགོ་བཙུགས་ཏེ། བོད་ནང་གི་བོད་མི་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱེད་སྐབས་བོད་ནས་གསར་དུ་ཕེབས་པའི་མང་ཚོགས་ལ་ཕན་ཐོགས་ཆེན་པོ་བྱེད་ཐུབ།
༩། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དངོས་སུ་ལས་ཀ་བྱེད་མྱོང་མཁན་དང་། བོད་ནང་གི་གནས་སྟངས་དང་གནད་དོན་རྒྱུས་མངའ་ཡོད་ཅིང་། རྒྱ་སྐད་ཚད་ལྡན་ཤེས་མཁན་གྱི་རྐང་ལེན་ལས་བྱེད་ (cadre) གསོ་སྐྱོང་བྱེད་དགོས། ལས་བྱེད་འདི་དག་གི་ལས་འགན་གཙོ་བོ། གཞིས་བཞུགས་བོད་མི་དང་འབྲེལ་ལམ་གྱི་བརྒྱུད་ལམ་ཡར་སྐྱེད་གཏོང་ཐབས་ཀྱི་ཐབས་བྱུས་གསར་གཏོད་དང་། རྒྱ་ནག་གི་དྲིལ་བསྒྲགས་དང་འཁྱོག་བཤད་བྱེད་པའི་གནད་དོན་ལན་འདེབས་ཆེད་ཉམས་ཞིབ་དང་དཔྱད་ཞིབ་བྱེད་རྒྱུ་དེ་ཡིན་དགོས།
༡༠། ད་ལྟའི་འགྱུར་འགྲོས་ལ་གཞིགས་ཚེ། འབྱུང་འགྱུར་རྒྱལ་སྤྱིའི་རོགས་དངུལ་ཇེ་ཉུང་དུ་འགྲོ་ངེས་ཡིན་པ་མ་ཟད། རོགས་དངུལ་དེ་ཞུ་མཁན་ནང་དུའང་འགྲན་རྩོད་ཤུགས་ཆེ་རུ་འགྲོ་ངེས་པར་སོང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཡར་རྒྱས་དང་རོགས་དངུལ་ཐབས་འཚོལ་གྱི་ལས་ཁང་ (Development and Fundraising Office) ཞིག་གསར་འཛུགས་བྱེད་དགོས། ལས་ཁང་འདི་ནང་ཉམས་མྱོང་ཅན་གྱི་ཆེད་ལས་པ་བཞག་ཏེ་ཁོང་ཚོའི་ལས་འགན་རོགས་དངུལ་ཐབས་འཚོལ་བྱ་རྒྱུ་དེ་ཁོ་ན་ཡིན་དགོས། གལ་ཏེ་བོད་མིའི་སྒྲིག་འཛུགས་ནང་འདི་འདྲའི་ཆེད་ལས་པ་མེད་ཚེ། སྒྲིག་འཛུགས་ཀྱི་གྲོགས་པོའམ་རྒྱལ་སྤྱིའི་ཚོགས་པ་ཁག་ནས་རོགས་རམ་ཞུས་ཏེ་ལས་བྱེད་ཚོར་སྦྱོང་བརྡར་སྤྲོད་དགོས། འདི་ནི་ཕུགས་རྒྱང་རིང་པོའི་ལས་གཞི་ཞིག་གི་ངོ་བོའི་ཐོག་ནས་ལག་བསྟར་གནང་དགོས། ལས་ཁང་འདིས་གཙོ་བོ་རྒྱལ་སྤྱིའི་ཡར་རྒྱས་ལས་ཁང་ (international development agencies) དང་། སྦྱིན་བདག་མི་སྒེར་པ་སོགས་རོགས་དངུལ་འབྱུང་ཁུངས་ཚང་མར་ངོ་ཆོད་དགོས་ཤིང་། ཁོང་ཚོ་དང་འབྲེལ་ལམ་བཙུགས་ཏེ་རྒྱུན་གཏན་དུ་འབྲེལ་བ་བྱེད་རྒྱུ་དེ་ཡིན།
༡༡། བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་གནས་ཚད་ཡག་ཤོས་ཡོད་པའི་བོད་མི་རྣམས་བོད་མིའི་སྒྲིག་འཛུགས་ནང་སླེབས་ཐུབ་དགོས། རྡ་རམ་ས་ལར་གཞིས་སྤོ་མ་ཐུབ་པའི་དཀའ་ངལ་དང་། ལས་བྱེད་གསོལ་ཕོགས་ཉུང་དྲགས་པ། སྒྲིག་འཛུགས་ནང་རྒྱུན་གཏན་དུ་ལས་ཀ་བྱེད་མ་ཐུབ་ནའང་གཞོར་ལས་བྱེད་ཐུབ་མཁན་བཅས་རྒྱུ་མཚན་སྣ་མང་ལ་བརྟེན་བཙན་བྱོལ་བོད་མི་མང་པོ་ཞིག་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་ཐུབ་ཀྱི་མེད། དེར་བརྟེན་ད་ལྟའི་ཆར་རྒྱལ་སྤྱི་ཁྱོན་ཡོངས་དར་ཁྱབ་སོང་ཡོད་པ་ “སོ་སོའི་ནང་ནས་ལས་ཀ་བྱེད་” (working from home) ཅེས་པའམ། ལས་ཁུངས་ཕྱི་ལོག་ནས་ལས་ཀ་བྱེད་པའི་ (working remotely) ལམ་སྲོལ་དེ་བོད་མིའི་སྒྲིག་འཛུགས་ནས་ཀྱང་ལག་བསྟར་བྱེད་འོས་མིན་གཟིགས་དགོས། གལ་ཏེ་དེ་ལྟར་བྱེད་པ་ཡིན་ན། བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་དང་། མཁས་རྩལ། ཉམས་མྱོང་སོགས་ཚད་ལྡན་ཡོད་ཀྱང་། རྡ་རམ་ས་ལར་གནས་སྤོ་མ་ཐུབ་པའི་བོད་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་ལས་ཀ་བྱེད་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་སྐྲུན་ཐུབ་པ་མ་ཟད། བོད་མི་ཕྱི་རྒྱལ་དུ་གནས་སྤོ་བྱས་པའི་རྐྱེན་གྱིས་རྒྱ་གར་ནང་ཤུགས་རྐྱེན་གང་ཐེབས་ཡོད་པ་དེ་དག་ཟློག་ཐབས་དང་། རྒྱ་གར་ནང་གི་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་དང་མཁས་རྩལ་མ་འདང་བའི་དཀའ་ངལ་དེ་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོས་ཁ་གསབ་ཐུབ།
་་་་་་རྫོགས་སོ།་་་་་་་