༢༠༡༩ ཟླ་ ༤ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་འདུས་མང་ཡོངས་ནས་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ བཞེས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། བདེ་སླར་ས་གནས་འགོ་འཛིན་ཚེ་རིང་ཆོས་འཛོམས་ལགས། དེ་བཞིན་མི་མང་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་སྔ་དྲོའི་ཆུ་ཚོད་ ༨།༤༥ ཐོག་སྐུ་མགྲོན་རྣམས་འདུ་ཁང་གསར་པའི་མདུན་ཐང་དུ་ལྷན་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་དབུ་འཕང་དགུང་དུ་འདེགས་པའི་བསང་གསོལ་ཟབ་རྒྱས་ཕུལ་འདུག ཆུ་ཚོད་ ༩ ཐོག་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་ཡང་སྟེང་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཕོ་བྲང་ཕུན་ཚོགས་དགའ་འཁྱིལ་ནས་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཛད་སྒོའི་བཞུགས་ཁྲིར་གདན་འདྲེན་ཞུས་འདུག དེ་རྗེས་ས་གནས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ནས་ཧིན་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་རྔ་རོལ་དང་བཅས་དབྱངས་སུ་གྱེར་རྗེས་བོད་བསྟན་སྲིད་མི་རིགས་ཆེད་སྐུ་སྲོག་དོར་བའི་རྒྱལ་གཅེས་ཕོ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་སླད་མྱ་ངན་ངག་བཅད་སྐར་མ་གཅིག་གནང་བསྟུན།
སྐུ་མགྲོན་གཙོ་བོ་དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག དེ་བཞིན་གདན་ས་བཀྲ་ཤིས་ལྷུན་པོའི་སྐྱབས་རྗེ་མཁན་རིན་པོ་ཆེ་བཅས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་རྒྱས་པ་འདེགས་འབུལ་ཞུས་བསྟུན། བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། བདེ་སླར་ས་གནས་འགོ་འཛིན་ཚེ་རིང་ཆོས་འཛོམས་ལགས་བཅས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་རྗེས་རིས་མེད་དགོན་སྡེ་ཁག་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ། ས་གནས་ཁྲིམས་ཞིབ་པ་མཆོག ལུགས་བསམ་ས་གནས་འགོ་འཛིན་གྱི་སྐུ་ཚབ་བཅས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་བཅར་ཞུས་འདུག
དེ་ནས་ཚོགས་ཆེན་དབུ་མཛད་ལགས་ནས་༸རྒྱལ་མཆོག་ཡབ་སྲས་རྣམ་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་གསུང་བསྐུལ་གནང་མུར་ཚང་མས་༸རྒྱལ་བ་ཡབ་སྲས་རྣམ་གཉིས་སྐུ་ཚེ་ཞབས་པད་བརྟན་པ་དང་མྱུར་དུ་གསེར་ཞལ་ལྷན་འཛོམས་ཡོང་བའི་གསོལ་འདེབས་ཞུས་པ་དང་འབྲེལ་སྐུ་མགྲོན་རྣམས་ལ་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་འདུག དེ་རྗེས་གདན་ས་བཀྲ་ཤིས་ལྷུན་པོའི་སྐྱབས་རྗེ་མཁན་རིན་པོའི་ཆེ་མཆོག་ནས་གདན་ས་བཀྲ་ཤིས་ལྷུན་པོ་དང་པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གཉིས་ཀྱིས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་སྒྲོགས་སྦྱང་གནང་བསྟུན། སྐུ་ཞབས་དཀྱིལ་ཁང་རིན་པོ་ཆེ་མཆོག་ནས་ཡོངས་ཁྱབ་གསལ་བསྒྲགས་དབྱིན་ཡིག་ཐོག་སྒྲོགས་སྦྱང་གནང་འདུག
དེ་རྗེས་འཛམ་གླིང་གི་གསར་འགྱུར་གྲགས་ཅན་བྷི་བྷི་སི་ནས་གོ་སྒྲིག་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༠ བཞེས་པའི་རི་མོའི་སྐུ་པར་ཞལ་དབྱེ་གནང་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་མཐར་གདན་ས་བཀྲ་ཤིས་ལྷུན་པོའི་བླ་སྤྱི་ལྷན་ཁང་གི་ཕྱག་མཛོད་ཁྲི་པ་སྐུ་ཞབས་བསྟན་འཛིན་ཀུན་དགའ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དེ་ཉིན་མཛད་སྒོ་རྒྱལ་ཁའི་ངང་གྲོལ་འདུག །