༢༠༡༩ ཟླ་ ༤ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །འདི་གར་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་གསུང་པ་ལྟར་ན། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༢ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིའི་བཞུགས་གནས་གསོལ་མགྲོན་ཁང་ཤེ་ར་ཊོན་ Sheraton ནས་ལྡི་ལི་རོ་ཧི་ནི་ས་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་སྡོད་ཁང་གི་༸རྒྱལ་བའི་གཟིམ་ཆུང་དུ་༸ཞབས་སོར་བདེ་བར་འཁོད་འདུག
སྐབས་དེར་ལྡི་ལི་བསམ་ཡས་གླིང་བོད་མི་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། གཞོན་སྐྱེས་སློབ་མ་ཁག་གཅིག་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བས་དགའ་དད་སྤྲོ་སེམས་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ཡང་༸སྐུའི་བླ་སྨན་པ་ལྟར་ན་མགོན་པོ་མཆོག་མེག་སི་སྨན་ཁང་ནས་༸སྐུའི་འཕྲོད་བཞེས་དྭངས་སྐྱེད་བྱུང་མཚམས་ཤེ་ར་ཊོན་གསོལ་མགྲོན་ཁང་དུ་ཉིན་ཤས་སྐུ་ངལ་གསོ་གནང་མཛད་པ་དང་། དེ་ནས་གོང་ཚེས་ཉིན་བོད་ཁྱིམ་སློབ་གྲྭའི་སྡོད་ཁང་དུ་༸རྒྱལ་བའི་གཟིམ་ཆུང་དུ་སྐུ་ངལ་གསོ་གནང་མཛད་ཆེད་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང་། ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུའི་འཕྲོད་བཞེས་སྔར་རྒྱུན་བཞིན་དྭངས་སྐྱེད་བྱུང་ཡོད་སྐོར་གསུངས།
གོང་ཚེས་ཉིན་ཆིབས་སྒྱུར་སྐབས་མགོན་པོ་གང་ཉིད་སྔར་རྒྱུན་བཞིན་མཐོང་གྲོལ་འཛུམ་ཞལ་དང་བཅས་དད་ལྡན་མང་ཚོགས་རྣམས་ལ་མཇལ་ཁ་དང་བྱམས་བརྩེའི་འཚམས་འདྲི་མཛད་འདུག མཛད་འཆར་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱང་འཆར་ཡོད་འདུག
དེ་ཡང་ལྡི་ལི་བོད་ཁྱིམ་སྡོད་ཁང་དེ་བཞིན་ཐོག་མར་ ༡༩༩༡ ཟླ་ ༣ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང་། ད་ལྟའི་ཆར་རྒྱ་གར་མཐོ་སློབ་འདྲ་མིན་ཁག་ནང་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་ཕྲུག་ ༢༧༩ ཡོད་པ་བཅས།