ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །ད་རིང་གི་ཉིན་མོ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་ Mussoorie ༸ཞབས་སོར་བདེ་བར་བཀོད་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བཞིན་ཡོད།
དེ་ཡང་ཕྱི་ལོ་ ༡༩༥༩ ཟླ་ ༣ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་ཕེབས་འབྱོར་བྱུང་རྗེས་ལོ་དེའི་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནུབ་བྱང་རི་རྒྱུད་དབྱར་དུས་ཚ་གཡོལ་བྱ་ཡུལ་སྙན་གྲགས་ཅན་གྱི་མ་སུ་རིར་བཞུགས་ཡུལ་འབིར་ལ་ཧའོ་སེ་ཞེས་རྒྱ་གར་ནང་སྙན་གྲགས་ཅན་གྱི་འབྱོར་ལྡན་ཁྱིམ་བདག་འབིར་ལ་ཞེས་པ་དེའི་ཁང་ཁུངས་ཤིག་ཏུ་རྒྱ་གར་གཞུང་གིས་ཕེབས་སྒྲིག་ཞུས་པ་ལྟར་དེར་༸ཞབས་སོར་འཁོད།
ཟླ་བ་དེའི་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དུ་སྲིད་བློན་ཟུར་པ་ཀླུ་ཁང་པ་མཆོག་དང་། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག གཡུ་ཐོག་བཀྲ་ཤིས་དོན་གྲུབ་མཆོག ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག སྤོམ་མདའ་བློ་བཟང་ཡར་འཕེལ་ལགས། མཁན་དྲུང་ངག་དབང་དོན་གྲུབ་ལགས། ཀ་སྦུག་ཚོང་དོན་བློ་བཟང་རྒྱལ་མཚན་ལགས་བཅས་ཀ་སྦུག་བདེ་དོན་ཚོགས་པའི་ཚོགས་མི་རྣམས་དང་། གཞན་ཡང་གཞུང་ཞབས་མི་གྲངས་སུམ་ཅུ་བརྒལ་བའི་ཚོགས་ཆེན་ཞིག་བསྐྱངས་ཐོག་བཙན་བྱོལ་གཞུང་གི་ཁ་ཚ་དགོས་གཏུགས་ཀྱི་གནང་སྒོ་ཁག་ལས་བགོས་བསྐྱོན་ཏེ། ནང་སྲིད། ཕྱི་སྲིད། འདུ་འགོད། ཤེས་རིག ཆོས་དོན་བཅས་ལས་ཁུངས་ཁག་གསར་འཛུགས་གཏན་འབེབས་མཛད།
དེ་ནས་ཉིན་གྲངས་བཞིའི་རིང་སྐུ་ངལ་གསོ་གནང་མཛད་རྗེས་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་མ་སུ་རི་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས། དེའི་སྐོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བཙན་བྱོལ་ནང་གི་རང་དབང་། ཞེས་པའི་ནང་སྲིད་བློན་ནེཧ་རུ་མཆོག་སྐབས་དེར་མ་སུ་རིར་མཇལ་འཕྲད་ཀྱིས་ཆུ་ཚོད་ ༤ ཙམ་རིང་བཀའ་མོལ་མཛད་ཡོད་པ་གསལ། དེ་རྗེས་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་ནས་མ་སུ་རིར་གསར་འགོད་ལྷན་ཚོགས་ཆེས་ཐོག་མ་དེ་བསྐྱངས་གནང་མཛད། དེ་རྗེས་ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༣༠ ཉིན་རྡ་སར་གནས་སྤོ་མཛད་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་ཐོག་མར་༸ཞབས་སོར་འཁོད་གནང་མཛད་སྐབས་རང་ལོ་ ༩ ལས་མ་སོན་པའི་བྱིས་པ་ད་ལྟ་ལོ་རྒྱུས་སྨྲ་བ་རྒྱ་གར་བ་སྐུ་ཞབས་གྷོ་པཱལ་བྷརཏ་ཝཱཇ་ Gopal Bhardwaj ལགས་ཀྱིས་དུས་སྐབས་དེ་ཕྱི་དྲན་གནང་དོན། སྐབས་དེར་ང་རང་ལོ་ ༩ ཡིན། ངས་ཧ་ཅང་གསལ་པོར་དྲན་པ་ཞིག་ལ་༸གོང་ས་ཏཱ་ལའི་བླ་མ་སྟོན་འཁོར་ཧྲག་བསྡུས་དང་བཅས་མ་སུ་རི་བྷིར་ལ་བཞུགས་གནས་སུ་ཆིབས་སྒྱུར་བསྐྱང་སྐབས་ལམ་ཟུར་གཡས་གཡོན་ནས་མི་མང་ཧ་ཅང་མང་པོས་དགའ་ཚོར་ཆེན་པོས་ལག་ཏུ་རྒྱལ་དར་བཟུང་ནས་ཕེབས་བསུ་གཟབ་རྒྱས་ཞུས་སོང་། ༸རྒྱལ་ཡུམ་ཆེན་མོ་ཡོད་པའང་ངས་མཇལ་བྱུང་།
ང་རང་ཆུང་ཆུང་ཡིན་སྟབས་བལྟས་མོ་ཆེན་པོ་བྱུང་། སྐབས་དེར་ངའི་ལག་ཏུ་རྒྱ་གར་རྒྱལ་དར་ཞིག་ཀྱང་བཟུང་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆིབས་འགྲོ་ནས་མི་མང་ཚོར་ཞལ་འཛུམ་ངང་ཕྱག་གཡུག་མཛད་བྱུང་། ཞེས་གསུངས།
སྐུ་པར་མཐུན་འགྱུར་གནང་མཁན། ཕྱི་དྲིལ་འགྲེམས་སྟོན་ཚན་པ།