ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །གསེར་རྟ་བླ་རུང་སྒར་དུ་ཕྱི་ནས་གྲྭ་བཙུན་གསར་འཇུག་དང་ཁ་སྣོན་བྱེད་མི་ཆོག་པའི་བཙན་བཀའ་བཏང་སྟེ་དམ་དྲག་བྱེད་བཞིན་ཡོད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་བའི་ཆར་རྒྱ་ནག་གི་འབྲེལ་ཡོད་ཚན་པ་དང་རྒྱ་ནག་གིས་ཆེད་འཛུགས་བྱས་བའི་དགོན་པའི་དོ་དམ་མི་སྣས་གསེར་རྟ་བླ་རུང་སྒར་གྱི་མཁན་པོ་དང་གནད་ཡོད་མི་སྣ་ཚོར། གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་གྱི་ཁ་གྲངས་གཞུང་གི་གཏན་འབེབས་ལྟར་གནས་དགོས་བ་དང་། ཕྱི་ནས་གྲྭ་བཙུན་གཅིག་ཀྱང་གསར་འཇུག་དང་ཁ་སྣོན་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད། གལ་སྲིད་གྲྭ་བཙུན་གསར་ཞུགས་ཀྱི་གནས་ཚུལ་སོགས་ཤེས་རྟོགས་བྱུང་ཚེ་གང་མགྱོགས་བླ་རུང་སྒར་ནས་ཕྱིར་ལོག་བྱེད་དགོས་པ་དང་། དེ་མ་གཏོགས་ཡང་བསྐྱར་བླ་རུང་སྒར་ལ་གྲྭ་བཙུན་ཚོད་འཛིན་གྱི་དམ་བསྒྲགས་སྲིད་ཇུས་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧ དང་༢༠༡༨ ལོ་བར་གསེར་རྟ་བླ་རུང་སྒར་ནས་ཉུང་མཐར་ཁྱོན་སྡོམ་གྲྭ་བཙུན་གྲངས་ ༤༨༢༨ ཕྱིར་ཕུད་བཏང་ཟིན་པ་དང་། ཕྱི་ལོ་ ༢༠༠༡ ལོ་ནས་ད་བར་སྔ་ཕྱི་བསྡོམས་པས་གྲྭ་ཤག་དང་ཁང་པ་བདུན་སྟོང་ལྷག་གཏོར་བཤིག་བཏང་རྗེས་རྒྱ་ནག་གིས་དགོན་པའི་མཐའ་ཡོངས་སུ་ལྕགས་རིས་བསྐོར་ནས་ཕྱི་ནས་གང་བྱུང་དགོན་པར་འཛུལ་མི་ཐུབ་པ་བཟོས་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་ན། དེང་སྐབས་བླ་རུང་སྒར་གྱི་ཕྱོགས་མཐའ་ཁག་གསུམ་ལ་འགག་སྒོ་བཙུགས་ནས་གྲྭ་བཙུན་གྱིས་གཙོས་གསེར་རྟ་བླ་རུང་སྒར་དུ་འགྲོ་འོང་བྱེད་མཁན་ཚོར་ཉིན་མཚན་གཉིས་ཀར་ཞིབ་བཤེར་ལྟ་རྟོག་བྱེད་བཞིན་ཡོད་སྐོར་གསུང་།
དེ་དང་འབྲེལ་འདི་ཚེས་ ༡༦ ཉིན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་ཆོས་སྒར་དུ་གྲྭ་བཙུན་ཚོར་ཆོས་ཁྲིད་སྐབས། ཕྱི་ལོ་ ༢༠༡༩ ལོ་འདི་ནི་ལོ་དམིགས་བསལ་བ་ཞིག་དང་། གཟབ་ནན་བྱེད་དགོས་བའི་ལོ་དཀའ་མོ་ཞིག་ཡིན་པས། གཟབ་ནན་མ་བྱས་ན་དཀའ་ངལ་ག་རེ་ཡིན་ཡང་འཕྲད་སྲིད་པས་གྲྭ་བཙུན་ཚང་མས་དགོན་པ་ཆག་འཇིག་ལ་བསམ་བློ་བཏང་ནས་འགྲོ་འདུག་སྤྱོད་གསུམ་ཚུལ་མཐུན་བྱེད་དགོས་པའི་ནན་སྐུལ་གནང་འདུག
གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་རྒྱ་ནག་གཞུང་གིས་གཏོར་བཤིག་དང་། གྲྭ་བཙུན་ཚོད་འཛིན་གནས་ཚུལ་ཐད་བོད་མིའི་སྒྲིག་འཛུགས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། དེ་བཞིན་ཨ་རི་སོགས་ཡུལ་གྲུ་འདྲ་མིན་གྱི་གཞུང་དང་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་ཆེན་པོ་བྱས་དང་བྱེད་བཞིན་པ་རེད། །