ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༩ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ས་ཊོན་ཁམས་ཀཿ ཐོག་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་བསྟན་འཛིན་ལྷ་སྐྱིད་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། བཟོ་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས།
དེ་ནས་མི་མང་རྣམས་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་ཚང་འཛོམས་ཀྱིས་ཐོག་མར་ས་གནས་འགོ་འཛིན་བསྟན་འཛིན་ལྷ་སྐྱིད་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་གྲུབ་མཚམས་ས་གནས་བཟོ་ཚོགས་ཀྱི་ཚོགས་གཙོས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འགོ་ལས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་རྟགས་ཕུལ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་ལ་གསུང་བཤད་གནང་དོན། ངས་འདས་པའི་ལོ་ངོ་བརྒྱད་རིང་ལས་ཀ་བྱས་ནས་འབྲས་བུ་ཕྲན་བུ་སྨིན་ཡོད།
རྒྱ་གར་དབུས་གཞུང་གི་ངོས་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ “Tibetan Rehabilitation Policy Act 2014″ ཞེས་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་ཡོད། ལོ་ ༥༠ གོང་རྒྱ་གར་དབུས་གཞུང་གི་ཡིག་ཐོག་ནས་བོད་མིའི་ཐོག་སྲིད་བྱུས་ཤིག་གཏན་འབེབས་གནང་མེད། ད་ལྟ་རྒྱ་གར་དབུས་གཞུང་གི་ཡིག་ཐོག་རང་ནས་བོད་མིའི་ཐོག་སྲིད་བྱུས་གཏན་འབེབས་གནང་ཡོད། སྲིད་བྱུས་དེ་བརྒྱུད་ང་ཚོར་ཐོབ་ཐང་རག་གི་ཡོད།
གཞིས་ཆགས་ཕལ་ཆེ་བ་ཁྲིམས་མཐུན་གྱི་དེབ་སྐྱེལ་གནང་ཐུབ་ཡོད་སྟབས། ད་ལྟའི་ཆར་གཞིས་ཆགས་ཁག་ཕལ་ཆེ་བ་བརྟན་པོ་ཆགས་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བཙུགས་ཐུབ་ཡོད། དེ་བརྒྱུད་ནས་བོད་མིའི་ཚོང་པ་ཚོར་བུ་ལོན་གཡར་གནང་གི་ཡོད། སྐྱབས་བཅོལ་པའི་ལག་དེབ་ RC དུས་ཡུན་ལོ་ལྔ་རིང་ཕར་འགྱངས་ཞུ་ཆོག་པ་བཟོས་ཐུབ་ཡོད། འགའ་ཤས་ལ་ལོ་གཅིག་མ་གཏོགས་སྤྲོད་ཀྱི་མི་འདུག་ཟེར་མཁན་ཡང་འདུག སྐྱབས་བཅོལ་ལག་འཁྱེར་རམ་ཨར་སི་ RC དུས་ཐོག་དུས་འགྱངས་མ་ཞུ་མཁན་རྣམས་ལ་ཉེས་ཆད་ཨ་སྒོར་ ༣༠༠ གཏན་འབེབས་གནང་བའི་དཀའ་ངལ་འཕྲད་ཀྱི་འདུག་ཅེས་ཟེར་མཁན་འདུག རྩ་བའི་སྐྱབས་བཅོལ་ལག་དེབ་དུས་ཐོག་ཕར་འགྱངས་ཞུ་དགོས་པ་སོ་སོའི་ལས་འགན་རེད། འོན་ཀྱང་ཉེ་ཆར་རྒྱ་གར་གཞུས་ནས་བསྒྱུར་བ་བཏང་ཡོད་ས་རེད། ད་ཆ་ཨ་སྒོར་ ༣༠༠ སྤྲོད་མི་དགོས་པར་ཉིན་གྲངས་ ༩༠ བར་ཧིན་སྒོར་ ༡༠༠ ཐམ་པ་དང་། དེ་ནས་ཧིན་སྒོར་ ༢༠༠ ཐམ་པ། ལོ་ ༢ བར་ལ་ཧིན་སྒོར་ ༥༠༠ རེད་འདུག ལོ་གཉིས་ལྷག་དུས་འགྱངས་མ་གནང་ཚེ་བཙན་འཇུག་རིགས་བྱེད་ཀྱི་རེད། ད་ཆ་ཕྲན་ལ་སེམས་ཁྲལ་གང་འདུག་ཅེ་ན་ཉེས་ཚད་ཆུང་བའི་རྐྱེན་གྱི་དུས་ཐོག་སྐྱབས་བཅོལ་ལག་དེབ་ཕར་འགྱངས་བྱེད་ཀྱི་མ་རེད་བསམ་གྱི་འདུག ད་ཆ་ཉེས་ཚད་ཧ་ཅང་ཆུང་དུ་བཏང་ཡོད་ས་རེད།
བཙན་བྱོལ་བོད་མི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་རྒྱུའི་སླད་དེ་སྔ་ཡིན་ན། ལག་དེབ་སེར་པོ་ Identity certificate ཡོད་པ་རེད། དེའི་ཚབ་ཏུ་ Travel Document བཟོ་རྒྱུའི་འབད་བརྩོན་ཧ་ཅང་བྱས་པ་ཡིན། འོན་ཀྱང་རྒྱ་གར་དང་ཨོ་སོ་ཊོ་ལི་ཡ།་ཁེ་ན་ཌ་སོགས་ནི་CommonWealth ཁོངས་གཏོགས་ཡིན་སྟབས། CommonWealth ཁོངས་ཀྱི་རྒྱལ་ཁབ་ཚང་མས་Travel Document སྤྲོད་ཀྱི་མི་འདུག ཁོང་ཚོས་ Certificate of Identity སྤྲོད་ཀྱི་འདུག བོད་པ་ཨོ་སི་ཊོ་ལི་ཡ་འགྲོ་མཁན་རྣམས་ལ་ Travel Document ཚབ་ཏུ་ Certificate of Identity སྤྲོད་ཀྱི་འདུག དེར་བརྟེན་རྒྱ་གར་གཞུང་ནས་ I C ཚབ་ལ་ CI སྤྲོད་ཀྱི་ཡོད་པ་རེད། དེབ་གསར་པ་ཐོན་ཟིན་པ་རེད། དེབ་འདིའི་ནང་ཤོག་གྲངས་སྔར་ལས་མང་བ་ཡོད། ཤོག་གྲངས་ ༣༠ ཙམ་ཡོད་འདུག དེའི་ནང་དུ་བོད་མི་རྣམས་passport སླད་སྤྲད་པ་རེད། ཅེས་ཡི་གེ་ཧ་ཅང་གསལ་པོ་འཁོད་ཡོད། Identity certificate ཞེས་པའི་ཚིག་དེ་མེད་སྟབས་དེ་སྔ་གནམ་ཐང་དུ་དཀའ་ངལ་འཕྲད་ཀྱི་ཡོད། Certificate of Identity ཞེས་པའི་ཚིག་དེ་ཡོད་པར་བརྟེན་མ་འོངས་པར་གནམ་ཐང་དུ་ཀམ་པུ་ཊར་ནང་འཚོལ་ཞིབ་སྐབས་དཀའ་ངལ་འཕྲད་ཀྱི་མ་རེད། རྒྱ་གར་གཞུང་ལ་བདེ་སྡུག་གང་ཞུས་པ་ཡིན་ནའང་དཀའ་ངལ་སེལ་བཞིན་ཡོད།
སྐྱབས་བཅོལ་ལག་དེབ་མེད་མཁན་བོད་མི་ ༩༥༥ ཡོད་པ་དེ་དག་ལ་སྐྱབས་བཅོལ་པའི་ལག་དེབ་བཟོས་ཐུབ་པ་ཡོད་བྱུང་། ལོ་གཅིག་ཙམ་རིང་ས་གནས་འགོ་འཛིན་ལས་ཁུངས་དང་སློབ་གྲྭ་ཁག་བརྒྱུད་གསལ་བསྒྲགས་རིམ་པ་བྱས་ནས་སྐྱབས་བཅོལ་ལག་དེབ་གསར་བཟོ་བྱས་ཡོད། ད་ཆ་མི་བདུན་ཅུ་དོན་གྲངས་ཙམ་ལ་སྐྱབས་བཅོལ་ལག་དེབ་མེད་ཅེས་བརྗོད་བཞིན་འདུག ཕལ་ཆེར་བརྒྱ་ལྷག་ཡོད་ས་རེད།
ཤེས་ཡོན་ཡར་རྒྱས་བཏང་ཡོད། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་ཆེད་ཕ་མས་སོ་སོ་ཕྲུ་གུ་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭར་གཏང་རོགས། སྒེར་གྱི་སློབ་གྲྭར་བཏང་བ་ལས་བོད་པའི་སློབ་གྲྭར་བཏང་ན་ཡག་པོ་འདུག ངས་རང་གི་བུ་མོ་དཔེ་སྟོན་སློབ་གྲྭར་ལོ་བཞི་ཙམ་རིང་བཏང་ཡོད། ད་ཆ་ངའི་བུ་མོས་བོད་ཡིག་འབྲི་ཀློག་སོགས་ཧ་ཅང་ཡག་པོ་ཤེས་ཀྱི་ཡོད།
བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་བོད་ལུགས་ལྟར་བཟོས་ཡོད། བོད་ཀྱི་ཟློས་གར་ཚོགས་ཁང་དང་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགྱུར་ལས་ཁང་གསར་པ་བརྒྱབ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་མི་མང་ཁག་གཅིག་གི་དྲི་བར་ལན་འདེབས་གནང་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་སྒྲིལ་ཡོད་པ་བཅས། །