༢༠༡༩ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཨ་རིའི་གྲོས་ཚོགས་འོག་མ་དང་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་Nancy Pelosiམཆོག་གིས་ཡུན་རིང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་བོད་མིར་ཧ་ཅང་སེམས་ཐག་ཉེ་བའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ Democrat དང་སྤྱི་མཐུན་ཚོགས་པ་ Republic བཅས་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐོག་ཚོགས་ཆུང་ཟུར་འཛུགས་ཡོད་པ་དེའི་ཚོགས་གཙོར་བསྐོ་གཞག་གནང་བ་དང་། ཕྱོགས་མཚུངས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཞན་ཏེ་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་Marco Rubioམཆོག་ལས་དོན་ཚོགས་ཆུང་དེའི་ཚོགས་གཞོན་དུ་བསྐོ་གཞག་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་འཚམས་འདྲི་ཞུས་འདུག
དེ་ཡང་མགྲིན་ཚབ་པས་གསུང་དོན། “ཐེངས་འདིར་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovernམཆོག་དང་སྐུ་ཞབས་མར་ཁོ་རུ་བྷིའོ་Marco Rubioམཆོག་རྣམ་གཉིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐོག་ཚོགས་ཆུང་ཟུར་འཛུགས་ཡོད་པ་དེའི་ཚོགས་གཙོ་ཚོགས་གཞོན་དུ་བསྐོ་གཞག་བྱུང་བར་ང་ཚོ་ཧ་ཅང་དགའ་པོ་བྱུང་། ཁོང་རྣམ་གཉིས་ལ་ང་ཚོས་སྙིང་ཁོང་རུས་པའི་གཏིང་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཞབས་ཇིམ་མཆོག་ལ་མཚོན་ན་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་སྤེལ་མཁན་ཞིག་ཡིན་སྟབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་ཁོང་རྣམ་གཉིས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ངེས་པར་གླེང་སློང་གནང་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད། “ཅེས་གསུངས།
དེ་ཡང་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས་ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་འཆར་བཏོན་གནང་ཡོད། དེ་རྗེས་ཕྱི་ལོ་ ༢༠༡༧ ཟླ་ ༤ ནང་ཨར་རྒྱ་ཡུལ་གཉིས་ཀྱི་སྲིད་འཛིན་ཊམ་Donald Trump དང་ཞི་Xi Jinping མཇལ་འཕྲད་མ་གནང་གོང་ཙམ་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ངོ་སྤྲོད་གནང་འདུག ངོ་སྤྲོད་གནང་མཁན་སྐུ་ཞབས་མར་ཁོ་རུ་བྷིའོ་Marco Rubio མཆོག་དང་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊམ་མི་བྷལྜ་ཝིན་Tammy Baldwin མཆོག དེ་བཞིན་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག རན་ཌི་ཧལ་གྷི་རིན་ Randy Hultgren མཆོག་བཅས་ཡིན་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་དེ་ཐོག་མར་ཕྱི་ལོ་ ༢༠༠༠ ལོར་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། དེའི་དགོས་དོན་གཙོ་བོ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྟོག་ཞིབ་གནང་རྒྱུ་མ་ཟད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་དག་རྒྱལ་སྤྱིའི་གནས་ཚད་དང་མཉམ་པ་ཞིག་བཟོ་ཐབས་གནང་རྒྱུའི་ཆེད་ཡིན་འདུག ཚོགས་ཆུང་དེའི་ནང་གྲོས་ཚོགས་གོང་འོག་ནས་གྲོས་ཚོགས་འཐུས་མི་དགུ་རེ་ཡོད་ཅིང་། བཅོ་བརྒྱད་ཁར་འཛིན་སྐྱོང་ལས་བྱེད་རྒན་གྲས་ལྔ་བཅས་ཁྱོན་ཚོགས་མི་གྲངས་ ༢༣ ཡོད་འདུག་པ་བཅས།