༢༠༡༩ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཨོ་སི་ཀྲི་ལི་སྐུ་ཚབ་དོན་གཅོད་ཁང་ནས། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༩ ཉིན་བཏང་གནས་ནང་འཁོད་དོན། དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་ཨོ་གླིང་རྒྱལ་ས་ཁེན་བྷེ་རའི་བོད་མི་ཚོར་བླང་དོར་བཀའ་སློབ་གནང་འདུག
དེ་ཡང་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་མཆོག་འདི་ག་ནིའུ་ཛི་ལན་ཌེ་དང་། ཨོ་སི་ཀྲི་ལི་ཡའི་ས་ཁུལ་ཁག་ཏུ་ཆོས་འབྲེལ་རྒྱ་ཆེ་བསྐྱང་བཞིན་པ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པའི་ཉིན་ཨོ་གླིང་རྒྱལ་ས་ཁེན་བྷེ་རར་ཕེབས་འབྱོར་གནང་སྟེ། དད་ལྡན་བོད་རིགས་མང་ཚོགས་ལ་བླང་དོར་བཀའ་སློབ་བཀའ་གནང་ཡོད།
གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པར་དཔལ་སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་འཁོར་ལྷན་རྒྱས་ཁེན་བྷེ་རར་རྟེན་གཞི་བྱེད་པའི་བླ་མ་ཆོས་གྲགས་ཀྱི་ས་སྐྱའི་ཆོས་ཚོགས་སུ་ཕེབས་སྐབས། སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཀྱིས་དབུས་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པས་སྤོས་སྣེ་དང་བཅས་ཕེབས་བསུ་ཞུས་ཡོད་པ་དང་།
ཕྱེད་ཡོལ་ཆུ་ཚོད་ ༦།༣༠ ཐོག་བོད་རིགས་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་གོང་མ་སྐྱབས་མགོན་རིན་པ་ཆེ་མཆོག་ནས་མང་ཚོགས་ལ་བླང་དོར་བཀའ་སློབ་གནང་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། ཐོག་མར་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་མཚམས་སྐུ་ཚབ་དོན་གཅོད་དང་། བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་མཎྜེལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། སྲི་ཞུའི་ལས་བྱེད་ཟུར་པ་དང་ས་གནས་རྒྱུན་ལས། མང་ཚོགས་བཅས་ལ་མཇལ་ཁ་གནང་འདུག
དེ་རྗེས་དོན་གཅོད་ནས་ཕེབས་བསུའི་གསུང་བཤད་གནང་བ་དང་། ཁེན་བྷེ་ར་དང་རྒྱལ་ཡོངས་ཚོགས་གཙོ་གཅིག་ལྕོགས་ནས་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ལས་སྡོམ་སྙིང་བསྡུས་དང་། ཉེ་ལམ་ཨོ་གླིང་ཡུལ་དུ་བྱུང་བའི་རྙོག་གླེང་ཐད་ད་ལྟ་གནས་སྟངས་ཇི་ཆགས་སྐོར་སྙན་སེང་རོབ་ཙམ་ཞུས་གྲུབ་མཚམས། དཔལ་སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་བཀའ་སློབ་གནང་དོན། དེ་རིང་ཨོ་སི་ཀྲི་ལི་ཡའི་རྒྱལ་ས་ཁེན་བྷེ་རར་རྟེན་གཞི་བྱེད་པའི་བོད་པ་ཚོ་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་བར་དགའ་པོ་བྱུང་། གོང་དུ་སྐུ་ངོ་དོན་གཅོད་མཆོག་དང་། ཚོགས་གཙོ་རྣམ་གཉིས་ཀྱི་གསུང་བཤད་དང་ངོ་སྤྲོད། དེ་བཞིན་ཁྱེད་རྣམ་པ་མང་པོ་ཞིག་འདིར་ཕེབས་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ཚོ་བོད་པ་ཚོས་གཉན་འཕྲང་གི་དུས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་བཀའ་སློབ་ལམ་སྟོན་བཀའ་སྲུང་ཅི་སྒྲུབ་ཐོག་བླང་དོར་གྱི་མཇུག་ལྡོག་མ་ནོར་བར་བོད་རིགས་ཕན་ཚུན་བཟོད་སྲན་དང་། མཐུན་སྒྲིལ། སྐད་ཡིག་གཙོ་བོར་གྱུར་བའི་ཆོས་རིག་ལ་སློབ་སྦྱོང་བྱེད་དགོས། གནས་སྟངས་ཇི་འདྲ་ཞིག་དང་འཕྲད་སྐབས་ཁྲོ་བ་སྤངས་ཏེ་བོད་པའི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་རྒྱུན་འཛིན་ཐོག་གདོང་ལེན་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། འཛམ་གླིང་ཞི་བདེ་གོང་ནས་གོང་དུ་འཕེལ་ཞིང་། ལྷག་པར་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་གསོལ་འདེབས་གནང་གྲུབ་མཚམས། དྲན་རྟེན་གྱི་སྐུ་པར་ལྷན་སྒྲོན་ཞུས་བསྟུན་བོད་རིགས་མཐུན་ཚོགས་ཀྱི་གསོལ་སྟོན་བཞེས་ནས་དེ་ཉིན་གྱི་མཛད་སྒོ་གྲོལ།
ཐེངས་འདིར་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ཕྱི་ཟླ་ ༣ པའི་ཟླ་མཇུག་ནས་ནིའུ་ཛི་ལན་ཌིར་ཕེབས་ཏེ། ཁུལ་དེར་གདོད་མའི་མི་རིགས་དང་། དད་ལྡན་སེར་སྐྱ་མང་ཚོགས། བོད་མི་བཅས་ལ་ཆོས་འབྲེལ་ཟབ་མོ་གནང་ཡོད་པ་དང་།
ཕྱི་ཟླ་ ༤ ཚེས་ ༥ ཉིན་མེལ་སྦོན་གྲོང་ཁྱེར་དུ་ཕེབས་སྐབས་སྐུ་ཚབ་དོན་གཅོད་ཀྱིས་གཙོས་མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱུན་ལས་རྣམ་པས་གནམ་ཐང་དུ་ཕེབས་བསུར་བཅར་བ་མ་ཟད། མེལ་སྦོན་བོད་རིགས་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བོད་རིགས་གཙོ་གྱུར་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་འཆི་མེད་འཕགས་མའི་སྒོ་ནས་ཚེ་དབང་དང་། བླང་དོར་བཀའ་སློབ་གནང་ཡོད།
དེ་ཡང་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ཁྲི་ཐོག་ཕེབས་རྗེས་འདི་ཕྱོགས་སུ་ཕེབས་ཐེངས་ཆེས་ཐོག་མ་ཆགས་ཡོད་པ་དང་། ཁེན་བྷེ་རར་དད་ལྡན་ཕྱི་ནང་གི་མང་ཚོགས་ལ་གསུང་ཆོས་དང་ཚེ་དབང་བཀའ་དྲིན་གནང་རྒྱུ་དང་། དེ་ནས་སིད་ནི་ Sydney སོགས་ས་གནས་གཞན་ཁག་ཏུའང་མུ་མཐུད་མཛད་པ་བསྐྱང་ཏེ་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་ཙམ་དུ་ཕྱིར་རྒྱ་གར་དུ་ཕེབས་རྒྱུ་ཡིན་འདུག