ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༢ རེས་གཟའ་པ་སངས་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་དང་། མི་མང་བཅས་ཚོགས་བཅར་བ་ ༨༧ རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་བ་དང་། སྐབས་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་།
ཕྱི་ཚེས་ ༡༣ རེས་གཟའ་སྤེན་པ་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤོན་ཊ་ཆོལ་གསུམ་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༡ ནས་ཚོགས་མི་ ༡༠ དང་།
དེ་དག་གི་ཁོངས་ནས་ཚོགས་གཙོ་དཀོན་མཆོག་ཚེ་རིང་ལགས་དང་ཚོགས་གཞོན་རྟ་མགྲིན་ཚེ་གྲུབ་ལགས་རྣམ་གཉིས་ཀྱིས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་ཡོད་པ་བཅས། །