༢༠༡༩ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༥ རེས་གཟའ་ཟླ་བ་ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤན་ཏཱ་ཀུ་མཱར་ Shanta Kumar མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་བ་རྒྱ་གར་ཀྲི་བྷུན་གསར་ལས་ཁང་ Tribune News Service ནས་གནས་ཚུལ་སྤེལ་བ་ལྟར་ན། “རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས། རྒྱ་གར་དབུས་གཞུང་ལ་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷཱ་རཏ་རཏྣཱ་ Bharat Ratna ཞེས་པ་འབུལ་ལམ་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག གསར་འགོད་གསལ་བསྒྲགས་དེ་བཞིན་རེས་གཟའ་ཟླ་བའི་ཉིན་སྤེལ་འདུག་ཅིང་། དེའི་ནང་རྒྱ་གར་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་ཁྱོན་གྲོས་ཚོགས་འཐུས་མི་ ༢༠༠ ཞུ་ཡིག་ཐོག་མཚན་རྟགས་བཀོད་ནས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བྷཱ་རཏ་རཏྣཱ་ Bharat Ratna འབུལ་ལམ་ཞུ་དགོས་པའི་ཞུ་ཡིག་ཐོག་མཚན་རྟགས་བཀོད་ནས་རྒྱ་གར་ནང་སྲིད་བཀའ་བློན་སྐུ་ཞབས་རཱཇ་ནཱཐ་སིངྒ་ Rajnath Singh མཆོག་ལ་ཕུལ་འདུག
དེ་ཡང་སྐུ་ཞབས་ཤན་ཏཱ་ཀུ་མཱར་ Shanta Kumar མཆོག་གིས་གསུང་དོན། “བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་མི་ལོ་དྲུག་ཅུ་ལྷག་རིང་འཚེ་མེད་ཞི་བའི་ལམ་ནས་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་སྣེ་ཁྲིད་མཛད་ཡོད། ཁོང་གི་ཡང་དག་པའི་མཛད་བཟང་ལ་རྒྱལ་སྤྱིའི་ཁྱོན་ནས་ངོས་འཛིན་ཞུས་པ་དང་། ལྷག་པར་ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་རེད། དེར་བརྟེན་ཐེངས་འདིར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བསམ་གཞིག་ནན་པོ་བཏང་རྗེས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གཟེངས་རྟགས་འདི་བཞིན་མགྱོགས་མྱུར་འབུལ་ལམ་ཞུ་དགོས་པའི་རེ་འདུན་འདོན་བཞིན་ཡོད། “ཅེས་གསུངས།