༢༠༡༩ ཟླ་ ༤ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །དེ་སྔ་ནུབ་བྷེང་གཱལ་མངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་གྷོ་པཱལ་ཀྲཱིཤཎ་གཱན་དྷི་ Gopal Krishna Gandhi མཆོག་གིས་ “ཏཱ་ལའི་བླ་མ་ནི་རྒྱ་གར་ལ་ཉེ་བར་མཁོ་བ་ཞིག་ཡིན།” ཞེས་པའི་རྩོམ་ཡིག་ཞིག་རྒྱ་གར་ཧིན་སྐད་གསར་ཤོག་སྡེ་ནིག་ཇཱགརན་ Dainik Jagran ཞེས་པའི་ནང་འདོན་སྤེལ་གནང་སྟེ། རྒྱ་གར་གཞུང་གིས་རྒྱ་ནག་གི་གནོན་ཤུགས་དང་སྡིགས་རར་མ་འཛེམས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མགྱོགས་མྱུར་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷཱརཏ་རཏྣཱ་ Bharat Ratna འབུལ་ལམ་ཞུ་དགོས་པའི་བསམ་ཚུལ་བཏོན་པ་དེར། རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་ Nitish Kumar མཆོག་གིས་ཊུ་ཝི་ཊར་ Twitter བརྒྱུད་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུས་འདུག
ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༤ ཉིན་རྒྱ་གར་དུས་བབ་གསར་འགྱུར་ལས་ཁང་ Times of India གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ནི་ཏི་ཤི་ཀུ་མཱར་མཆོག་གིས་” ངས་སྐུ་ཞབས་གྷོ་པཱལ་ཀྲཱིཤཎ་གཱན་དྷི་ Gopal Krishna Gandhi མཆོག་གི་རྩོམ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བྱམས་པ་དང་བརྩེ་བ། མཐུན་སྒྲིལ། འཛམ་གླིང་ཞི་བདེ་ཟེར་བའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་ཐད་རྒྱ་གར་ཡུལ་འདི་གཞན་དང་འགྲན་ཟླ་བྲལ་བ་ཞིག་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་དག་ཐོག་མུ་མཐུད་ལམ་སྟོན་མཛད་དགོས་པ་ང་ཚོར་དགོས་པ་ཧ་ཅང་ཆེན་པོ་འདུག ” ཅེས་འཁོད་འདུག
དེ་ཡང་རྒྱ་གར་ཧིན་སྐད་གསར་ཤོག་སྡེ་ནིག་ཇཱགརན་ Dainik Jagran ནང་སྤེལ་བའི་རྩོམ་ཡིག་དེའི་ནང་འཁོད་དོན། “བོད་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པ་རྒྱ་གར་གཞུང་གིས་ཁས་ལེན་གནང་ཟིན་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་གནང་མཛད་ཀྱི་མེད་སྟབས། རྒྱ་གར་གཞུང་གིས་གཟེངས་རྟགས་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུར་ཐེ་ཚོམ་ནེམ་ནུར་གནང་དགོས་དོན་གང་ཡང་མེད། འོན་ཀྱང་ད་བར་གཟེངས་རྟགས་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ། “ཞེས་སོགས་འཁོད་པ་མ་ཟད། གཞན་ཡང་རྩོམ་ཡིག་དེའི་ནང་དུ་” ༸གོང་ས་ཏཱ་ལའི་བླ་མ་མཆོག་ས་གནས་གང་དུ་ཆིབས་སྒྱུར་བསྐྱང་སྐབས་ནང་པའི་དད་ལྡན་པ་ཚོས་སངས་རྒྱས་སྐུ་དངོས་སུ་ཕེབས་པར་ངོས་འཛིན་ཞུ་ཐུབ་ཀྱང་ང་ཚོས་དེ་ལྟར་ཞུ་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། གཟེངས་རྟགས་དེ་བཞིན་དེ་སྔ་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་སྐུ་ཞབས་ནེལ་སོན་མན་ཌེ་ལ་ Nelson Mandela མཆོག་དང་ཡེ་ཤུའི་ཆོས་པ་ཨ་མ་ཏེ་རེ་ས་ Mother Teresa དམ་པ་མཆོག རྒྱ་གར་རང་བཙན་འཐབ་རྩོད་པ་ཁཱན་ཨབ་དུལ་གྷ་ཕར་ཁཱན་ Khan Abdul Ghaffar Khan ལྟ་བུར་ཕུལ་ཡོད། འོན་ཀྱང་ད་བར་ཏཱ་ལའི་བླ་མར་འབུལ་ལམ་ཞུ་མ་ཐུབ་པ་དེ་ཁོང་གིས་ནག་ཉེས་གང་བསགས་པས་ཡིན། ཁོང་ལ་ཆེས་བསྟོད་ཀྱི་གཟེངས་རྟགས་འབུལ་ལམ་ཞུ་མ་ཐུབ་པ་དེ་གྱོན་གུན་ང་ཚོར་ཕོག་རྒྱུ་མ་གཏོགས་ཁོང་ལ་གྱོན་གུན་གང་ཡང་མེད་” ཅེས་སོགས་འཁོད་འདུག