ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་མཆོག་གི་ལས་ཁུངས་གསར་པར་ཕེབས་ནས་ཁོང་དང་མཇལ་འཕྲད་གནང་འདུག སྐབས་དེར་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས་བཀའ་བློན་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་པ་དང་། ཕྱོགས་མཚུངས་སྐུ་ཉིད་མཆོག་མཇལ་འཕྲད་སླད་ཕེབས་པར་དགའ་བསུའི་འཚམས་འདྲི་གནང་ཡོད་འདུག
དེ་ནས་བཀའ་བློན་མཆོག་གིས་ཉེ་ཆར་རྒྱ་ནག་གི་མཁས་པ་ཁག་གཅིག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་ལམ་ལྷོངས་ལྡན་པའི་ངང་ནས་སྲུང་བརྩི་ཞུས་པའི་སྐོར་གསུང་པ་དང་སྦྲགས། བཀའ་བློན་མཆོག་ནས་གྲོས་ཚོགས་འཐུས་མི་མཆོག་གིས་ལྷག་བསམ་ཟོལ་མེད་ཐོག་ནས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་ཁོང་གི་དབུ་ཁྲིད་ལམ་སྟོན་འོག་ཉེ་ལམ་ཨ་རིའི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ Reciprocal Access to Tibet Act ཁྲིམས་སུ་གཏན་འབེབས་གནང་ཐུབ་ཡོད་སྟབས་གཞིས་བྱེས་བོད་མི་དང་། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་ཡོངས་ལ་བློ་སྟོབས་ཆེན་པོ་སྐྱེ་གཞིར་གྱུར་བར་བརྟེན་བཀའ་བློན་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག
ཕྱོགས་མཚུངས་བཀའ་བློན་མཆོག་གིས་དེང་སྐབས་བོད་ནང་དུ་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་མིའི་གནས་སྟངས་ངོ་སྤྲོད་ཞུ་སྐབས་ ༢༠༠༩ ནས་ད་བར་བོད་མི་ ༡༥༣ རང་ལུས་མེར་སྲེག་བཏང་ཡོད་སྐོར་དང་། དེ་ལྟར་བོད་མི་ཚོས་ཛ་དྲག་གི་ལས་འགུལ་སྤེལ་དགོས་དོན་གཙོ་བོ་བོད་མི་ཚོས་རང་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་སྲུང་སྐྱོབ་ཆེད་ཡིན་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐབས་འདིར་རྒྱ་གར་གཞུང་མང་གཙོ་བོར་གྱུར་བའི་ཨ་རིའི་གཞུང་མང་གཉིས་བཅས་ལ་ཐུགས་རྗེ་ཆེ་ཞུས་འདུག གྲོས་ཚོགས་འཐུས་མི་མཆོག་དེ་སྔ་རྡ་སར་ཕེབས་པ་ལྟར་འབྱུང་འགྱུར་སླར་ཡང་ཕེབས་རོགས་གསུང་པ་མ་ཟད། དེ་སྔ་བོད་ནང་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ་ལྟར་སླར་ཡང་མགྱོགས་མྱུར་འཚམས་གཟིགས་ཕེབས་ཐུབ་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་། ད་ལྟ་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་པེ་ལོ་སི་མཆོག་ལས་ཡུན་རིང་དེ་ལྟར་གནང་ཐུབ་རྒྱུར་ཡིད་ཆེས་ཡོད་སྐོར་གསུངས།
དེ་བཞིན་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་གསུང་སྐབས་གྲོས་ཚོགས་འཐུས་མི་མཆོག་གིས་ལོ་གཉིས་གོང་གནད་དོན་དེའི་ཐད་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ལ་འབྲེལ་བ་གནང་ཟིན་ཡང་མུ་མཐུད་གནད་དོན་རྟོག་ཞིབ་གནང་རྒྱུའི་ཁས་ལེན་ཡང་གནང་འདུག ལྷག་པར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ Congressional Executive Commission on China འབྲེལ་ཡོད་རྣམས་དང་འབྲེལ་བ་གནང་ཐོག་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས། དེ་བཞིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་སྐོར་གོ་བསྡུར་གནང་འདུག དེ་རྗེས་མཇལ་འཕྲད་གྲུབ་མཚམས་བཀའ་བློན་མཆོག་གིས་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་ལ་འཚམས་ཞུའི་མཇལ་དར་ཕུལ་འདུག
![](https://www.bod.asia/wp-content/uploads/2019/04/IMG_2242-493x370.jpg)
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ནོཧ་ཁི་རི་སི་ཊལ་ Mr. Noah Krystel ལགས།
ཐེངས་འདིར་བཀའ་བློན་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁུངས་སུ་བཅར་འདུག སྐབས་དེར་འབྲེལ་ཡོད་ལས་བྱེད་ནོཧ་ཁི་རི་སི་ཊལ་ Mr. Noah Krystel ལགས་ཀྱིས་བཀའ་བློན་མཆོག་ལ་འཚམས་འདྲི་ཞུས་འདུག སྐབས་དེར་ནོཧ་ཁི་རི་སི་ཊལ་ Mr. Noah Krystel ལགས་ཀྱིས་ཨ་རིའི་གཞུང་གིས་བོད་མིའི་གནས་སྟངས་སྤྱི་དང་ལྷག་པར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དོན་དམ་སེམས་འཚབ་ཤུགས་ཆེ་གནང་བཞིན་ཡོད་སྐོར་གསུང་སྐབས་བཀའ་བློན་མཆོག་གིས་ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ལ་གཞིས་བྱེས་བོད་མིའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་གསུང་འདུག
བཀའ་བློན་མཆོག་གིས་དེང་སྐབས་རྒྱ་ནག་གཞུང་གིས་ཡུ་གུར་ནང་སློབ་གསོའི་ལས་འགུལ་ལ་ཁག་དཀྲི་བྱས་ནས་ངལ་རྩོལ་སྒྱུར་བཀོད་བཙོན་རྭ་བཙུགས་པ་དེ་དག་དེ་སྔ་བོད་ནང་ལག་བསྟར་བྱས་ཟིན་སྐོར་དང་། བཙོན་རྭ་དེ་དག་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་ཏེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་ཚབས་ཆེ་བཏང་བ་མ་ཟད། དེང་སྐབས་བོད་མིའི་ཆོས་བྱེད་དགོན་སྡེ་ཁག་གི་བྱེད་སྒོར་དམིགས་བསལ་དམ་བསྒྲགས་བྱས་ཏེ་གྲྭ་བཙུན་གྱི་གྲངས་ཚད་ལ་གཞུང་གིས་ཚོད་འཛིན་བྱས་པ་དང་། སོ་ལྟའི་པར་ཆས་སོགས་གང་སར་བཙུགས་ནས་བོད་མིའི་འགྲོ་འདུག་རང་དབང་ལ་དམ་བསྒྲགས་ཚབས་ཆེ་བྱས་དང་བྱེད་མུས་སྐབས་འདིར་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་རང་དབང་ཐོབ་ཐང་འདྲ་མཉམ་དགོས་པའི་གྲོས་ཆོད་ཁྲིམས་སུ་བཅའ་བ་དེས་རྒྱ་ནག་གཞུང་ལ་གནོན་ཤུགས་ཧ་ཅང་སྤྲད་ཡོད་སྟབས། རྒྱབ་སྐྱོར་དེ་དག་ལ་བརྟེན་ནས་བོད་མིའི་སྙིང་སྟོབས་གོང་མཐོར་འགྲོ་བཞིན་ཡོད་སྐོར་སོགས་གསུངས།
ཕྱོགས་མཚུངས་བཀའ་བློན་མཆོག་གི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་ཐད་བོད་མིའི་སྒྲིག་འཛུགས་ཀྱིས་སེམས་འཚབ་ཤུགས་ཆེ་བྱེད་བཞིན་པ་དང་། བོད་མིའི་སྐད་ཡིག་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ལུང་འདྲེན་ཐོག་བོད་ནང་གི་བོད་མི་ཚོས་རང་གི་སྐད་ཡིག་སྲུང་སྐྱོབ་སླད་འཐབ་རྩོད་དང་བློས་གཏོང་ཇི་ལྟར་གནང་བཞིན་པ་རྣམས་ངོ་སྤྲོད་གནང་འདུག གཞན་ཡང་བཀའ་བློན་མཆོག་གིས་བལ་ཡུལ་གནས་སྡོད་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་གསལ་འདོན་གནང་འདུག སྐབས་དེར་འབྲེལ་ཡོད་ལས་བྱེད་ནོཧ་ཁི་རི་སི་ཊལ་ Mr. Noah Krystel ལགས་ཀྱིས་ཨར་གཞུང་ལ་བལ་ཡུལ་ནང་གི་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དེ་དག་སྐོར་རྒྱུས་མངའ་ཡོད་པ་མ་ཟད། འབྲེལ་ཡོད་བལ་གཞུང་ལས་ཁུངས་དང་འབྲེལ་བ་རྒྱུན་སྐྱོང་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག བཀའ་བློན་མཆོག་གིས་རྒྱ་ནག་གཞུང་གིས་དོལ་རྒྱལ་རྗེས་འབྲང་པ་བརྒྱུད་ནས་བོད་མིའི་སྤྱི་ཚོགས་ཁ་བྲལ་གཏོང་ཐབས་བྱེད་བཞིན་པའི་བྱེད་བབ་སྐོར་གསུང་པ་དང་སྦྲགས། བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མྱོགས་བསྐོ་གཞག་ཡོང་བའི་རེ་བ་ཞུ་བཞིན་ཡོད་སྐོར་གསུངས་པ་བཅས། །