༢༠༡༩ ཟླ་ ༣ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ངལ་རྩོལ་བསྒྱུར་བཀོད་འགྲེམས་སྟོན་ཁང་དུ་བོད་མིས་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་རྔམ་སྟོན་བྱས་ནས་མི་ལོ་དྲུག་ཅུ་འཁོར་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་བཀའ་དྲིན་བསྐྱངས་ནས་མི་ལོ་དྲུག་ཅུ་འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་འདུག
མཛད་སྒོ་གོ་སྒྲིག་ཞུ་མཁན་ངལ་རྩོལ་བསྒྱུར་བཀོད་ཐོག་ཉམས་ཞིབ་གནང་མཁན་ཚོགས་པ་དང་སྐུ་ཚབ་དོན་ཁང་། The Huaxia Liberal Union དེ་བཞིན་ The Princeton China Initiative དང་། རྒྱ་ནག་འབྲེལ་མོལ་ The China Dialogue དང་། རྒྱ་ནག་མང་གཙོ་ཚོགས་པ་བཅས་ཡིན་འདུག
སྐབས་དེར་ཐོག་མར་གཙུག་ལག་སློབ་དཔོན་སྐུ་ཞབས་མིངྒ་ཤི་ཡ་Professor Ming Xia ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་འདུག དེ་ཡང་ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བྱུང་བ་དང་འཕེལ་རིམ། བོད་མིའི་མང་གཙོའི་རིང་ལུགས། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་རིགས་ཤེས་ལྡན་མི་སྣ་ཚོས་བོད་ཀྱི་གནད་དོན་གསལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོ་སྣང་གནང་བ་བརྒྱུད་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་རྒྱབ་སྐྱོར་གནང་དགོས་གལ་གསུང་པ་དང་སྦྲགས། ཚོགས་འདུར་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ངོ་སྤྲོད་ཞུས་འདུག
དེ་རྗེས་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་གཙུག་ལག་སློབ་དཔོན་མིངྒ་གིས་ལྷན་ཚོགས་དེ་གོ་སྒྲིག་གནང་ཆེད་མཐུན་འགྱུར་གནང་བར་ཡི་རང་བསྔགས་བརྗོད་ཞུས་འདུག གཞན་ཡང་ཁོང་གིས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་རྗེས་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བ་དང་དགོན་སྡེ་གཏོར་བཤིག་བཏང་བ། ཆོས་དང་རིག་གཞུང་རྩ་མེད་ཇི་ལྟར་བཏང་བའི་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་བ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་འབད་བརྩོན་ཧ་ཅང་མཛད་ཡོད་སྐོར་གསུང་པ་མ་ཟད། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་བོད་ཐོག་རྒྱབ་ཤ་དཀར་པོ་བཏོན་པའི་སྐོར་གསུང་སྐབས།
རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་བཅིངས་བཀྲོལ་བཏང་ནས་མང་གཙོའི་བཅོས་སྒྱུར་ཟེར་བ་བཏང་ཡོད་སྐོར་གྱི་དྲིལ་བསྒྲགས་རྒྱ་ཆེ་བྱེད་བཞིན་ཡོད་ཀྱང་། དོན་དངོས་ནི་དེ་ལས་ལྡོག་སྟེ་ལོ་ངོ་དྲུག་ཅུའི་རིང་བོད་མི་རིགས་རིག་གཞུང་དང་བཅས་པར་དམ་བསྒྲགས་ཧ་ཅང་བྱས་དང་བྱེད་མུས་ཡིན་པ་གསུང་པ་དང་སྦྲགས། བཙན་བྱོལ་ནས་བོད་དུ་ལྟ་སྐོར་ཚོགས་ཆུང་ཕེབས་སྐབས་གཞིས་བཞུགས་བོད་མི་ཚོས་སྐུ་ཚབ་རྣམ་པར་དད་གུས་དང་དགའ་ཞེན་ཚད་མེད་ཞུས་ཡོད་སྐོར་གསུངས། ཕྱོགས་མཚུངས་རྒྱ་རིགས་ཚོགས་བཅར་བ་རྣམས་ལ་རྒྱ་རིགས་གཞན་གང་མང་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
དེ་ནས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་རྒྱ་སྐད་ཐོག་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་སླད་འབད་བརྩོན་ཇི་ཙམ་གནང་བཞིན་ཡོད་པ་དང་། ཁོང་རང་ཉིད་ཆེད་མངགས་བཀའ་ཤག་ནས་ལྷན་ཚོགས་འདིར་ཆེད་བཅར་ཞུ་དགོས་པའི་བཀའ་མངགས་གནང་བ་དེས་ཀྱང་གནད་དོན་དེར་བཀའ་ཤག་གིས་གལ་ཆེན་པོ་ཇི་ཙམ་འཛིན་བཞིན་ཡོད་པ་གསལ་པར་རྟོགས་ཐུབ་སྐོར་དང་། བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་ངོ་སྤྲོད་ཙམ་མ་ཟད། ལྷན་ཁང་སོ་སོའི་ལས་དོན་གནང་ཕྱོགས་དང་། བོད་མི་བཙན་བྱོལ་བ་རྣམས་ཀྱིས་བཙན་བྱོལ་བའི་གནས་བབ་འོག་ནས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་སླད་དཀའ་ལས་ཇི་ཙམ་སྐྱོན་བཞིན་སྐོར་གསུངས།
གཞན་ཡང་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་མའི་བྱུང་རིམ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་སྲིད་བྱུས་དེར་ད་བར་བོད་མི་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པས་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པའི་སྐོར་གསུང་པ་དང་སྦྲགས། ཚོགས་བཅར་བ་དང་། ལྷན་ཚོགས་གོ་སྒྲིག་གནང་མཁན་རྣམས་ལ་ཡི་རང་བསྔགས་བརྗོད་དང་སྦྲགས་མ་འོངས་པར་ལྷན་ཚོགས་དེ་ལྟ་བུ་གོ་སྒྲིག་མང་ཙམ་ཞུ་ཐུབ་ཚེ་བོད་དོན་ལས་འགུལ་ལ་ཕན་རླབས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་གསུངས།
དེ་རྗེས་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨི་ལི་ཤ་ཏི་ Mr. Ilishati ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཁྲག་དྲི་བྲོ་བའི་སྲིད་བྱུས་ལག་བསྟར་བྱས་པ་དང་། སྲིད་བྱུས་དེའི་འོག་བོད་མི་ཚོས་མྱངས་པའི་དཀའ་སྡུག་སྐོར་ལོ་རྒྱུས་ཧ་ཅང་མང་པོ་ཤོད་རྒྱུ་ཡོད་པ་དང་། ཕྱོགས་མཚུངས་ཡུ་གུར་མི་རིགས་ཚོས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་དམ་བསྒྲགས་ཧ་ཅང་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་དེ་མཚུངས་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པ་གསུངས།
དེ་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་ཚོགས་གཙོ་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཡང་ཅེ་ལིན་ Mr.Yan Jiaqi ལགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༡༡༣ བར་སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད་སྐོར་དང་། འདི་ལོའི་ཟླ་ ༣ ཚེས་ ༡༠ ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་བཀོད་ནས་མི་ལོ་ ༦༠ འཁོར་བཞིན་པ་དང་། བོད་མི་ཚོས་རྒྱ་ནག་དམར་པོའི་དབང་སྒྱུར་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་འཁོར་བཞིན་ཡོད་སྐོར་དང་། བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྟ་བུ་ནི་ལོ་ངོ་ ༥༠༠༠ སོང་བའི་འགྲོ་བ་མིའི་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པའི་གང་ཟག་ཁྱད་འཕགས་ཤིག་ཡིན་སྐོར་གསུངས།
ཕྱོགས་མཚུངས་ཁོང་གིས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱིས་ལག་བསྟར་གནང་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་རྒྱ་ཆེ་གནང་བ་དང་སྦྲགས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཐབས་མཁས་ཀྱི་སྲིད་བྱུས་ཤིག་ཡིན་སྐོར་སོགས་གསུངས།