༢༠༡༩ ཟླ་ ༣ ཚེས་ ༢༢ རེས་གཟའ་པ་སངས།
༄༅། ། འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་གསུམ་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་མུ་མཐུད་ཕྱི་དྲིལ་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་དང་། དེ་ནས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨ་རིའི་དོན་གཅོད་ཁང་གི་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། གོང་གསལ་རྩིས་འགོ་ཁག་དང་འབྲེལ་བའི་ལས་དོན་ཐོག་དྲི་བ་ཕུལ་བ་རྣམས་ལ། ཕྱི་དྲིལ་བཀའ་བློན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། རྩིས་དང་འབྲེལ་བའི་དྲི་བ་ཕུལ་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསལ་བཤད་གནང་རྗེས། སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།
ཨ་རིའི་རོགས་ཚོགས་ (PRM) ཀྱི་ཚོགས་མི་སྐུ་ཞབས་ཨེ་ལེཀ་སི་ (Mr. Alex Ave-Lallemant ལགས་དང་། བལ་ཡུལ་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ས་གནས་སྐྱབས་བཅོལ་ལས་ཁུངས་ཀྱི་འབྲེལ་མཐུད་པ། འབྲེལ་མཐུད་པ་གཞོན་པ་ལྕམ་སྐུ་ལེ་ཧེ་པའོ་ (Dr. Leah Pao ལགས། བལ་ཡུལ་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ས་གནས་སྐྱབས་བཅོལ་ལས་ཁུངས་ཀྱི་ལས་འཆར་ཚན་པའི་ལས་བྱེད་པདྨ་བསྟན་འཛིན་ལགས་བཅས་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པར། གྲོས་ཚོགས་ནས་འཚམས་འདྲི་ཞུས་གནང་སོང་།
སང་སྔ་དྲོ་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་རྒྱུ་ཡིན་པ་བཅས། །