༢༠༡༩ ཟླ་ ༣ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ནང་ཐེ་ཝན་རྒྱལ་ས་ཐེ་པེ་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་སྐབས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐུ་ཚབ་སྐུ་ཞབས་སེ་མི་ཡོལ་བྷྲའོན་བྷེག་ Samuel Brownback མཆོག་གིས་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་མགྱོགས་མྱུར་བསྐྱར་གསོ་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག ལྷན་ཚོགས་ཐོག་ཐེ་ཝན་སྲིད་འཛིན་ཚེ་ཨིན་ཝིང་Tsai Ing-wen མཆོག་དང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱང་ཕེབས་འདུག སྐབས་དེར་སྐུ་ཞབས་སེ་མི་ཡོལ་བྷྲའོན་བྷེག་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་སྐོར་གསུང་དོན།
“ཨ་རིའི་གཞུང་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་ཞུས་པའི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་མགྱོགས་ནས་མྱུར་དུ་འབྲེལ་མོལ་བསྐྱར་གསོ་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་ཞུ་རྒྱུ་ཡིན། འདི་ལོའི་ཕྱི་ཟླ་ ༣ ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་བཙན་དབང་འོག་བཙན་བྱོལ་དུ་༸ཞབས་སོར་བཀོད་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བ་རེད། ” ཅེས་གསུང་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་སྤྱི་ཚོགས་དང་རིག་གཞུང་གི་དཔལ་ཡོན་བཅས་ཀྱི་སྲོག་རྩར་གྱུར་བ་བོད་བརྒྱུད་ནང་བསྟན་ལ་མཐོང་ཆུང་ཁྱད་གསོད་དང་ཁྲིམས་འགལ་དུ་བརྩིས་པའི་བྱེད་བབ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་ཁོང་གིས་གཞིས་བཞུགས་བོད་མི་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་རིང་མགྱོགས་ནས་མྱུར་དུ་བོད་དུ་༸ཞབས་སོར་བཀོད་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད་པ་གསུང་དོན། “ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རེ་འདུན་ཤུགས་ཆེ་ཞུ་རྒྱུར། ༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་མགྱོགས་ནས་མྱུར་དུ་འབྲེལ་མོལ་བསྐྱར་གསོ་ཞུ་དགོས། ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་ཞུ་བཞིན་ཡོད། སྲིད་བྱུས་དེའི་འོག་བོད་མཐོ་སྒང་གི་བོད་མི་རྣམས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག མིང་དོན་མཚུངས་པའི་དོན་དམ་གྱི་རང་སྐྱོང་གནས་བབ་ཚད་ལྡན་ཞིག་སྤྲོད་དགོས། ” ཞེས་གསུངས།
གཞན་ཡང་མཛད་སྒོའི་ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཕེབས་པར་ཁོང་གིས་འཚམས་འདྲི་གནང་དོན། “འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ལ་མཚོན་ན་རྒྱ་ནག་དམར་པོའི་དབང་སྒྱུར་འོག་འཚར་ལོངས་བྱས་པ་ཞིག་རེད། བོད་བརྒྱུད་ནང་བསྟན་བོད་མི་རིགས་ཀྱི་སྲོག་རྩ་ཡིན་ཡང་རྒྱ་ནག་གཞུང་གིས་དགྲ་ལྟར་བརྩིས་ཏེ་ཆོས་བྱེད་མཁན་རྣམས་ཁྲིམས་འགལ་ཉེས་ཅན་པར་ངོས་འཛིན་བྱེད་བཞིན་ཡོད། ང་ཚོས་ཟླ་བ་ཚེ་རིང་ལགས་འདིར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། “ཞེས་གསུངས།
གཞན་ཡང་སྐུ་ཞབས་སེ་མི་ཡོལ་བྷྲའོན་བྷེག་ Samuel Brownback མཆོག་གིས་དེང་སྐབས་ཡུ་གུར་དང་ཀ་ཛག་ཁ་ཆེ་བ་དང་། བོད་མི་ནང་པ། དེ་བཞིན་ཆོས་འཁོར་སྒོམ་སྒྲུབ་ Falun Gong དང་རྒྱ་རིགས་ཡེ་ཤུའི་ཆོས་པ་བཅས་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེར་སེམས་འཚབ་ཤུགས་ཆེ་ཡོད་སྐོར་གསུང་དོན།
“རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༤ ནས་རྒྱ་ནག་ནང་དུ་ཡུ་གུར་དང་ཀ་ཛག་ཁ་ཆེ་བ་མི་གྲངས་ས་ཡ་གཅིག་ལྷག་དམ་བསྒྲགས་བཀག་བསྐྱིལ་འོག་བཞག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་བཙན་དབང་འོག་ནས་སློབ་གསོ་སྤྲད་པ་དང་། བོད་མི་ནང་པ་ཚོར་མཚོན་ནའང་རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་པར་རང་གི་བླ་མའི་ཡང་སྲིད་རྩད་འཚོལ་ཞུ་མ་ཆོག་པ་དང་། རང་མོས་ལྟར་བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་སློབ་གཉེར་བྱེད་མི་ཆོག་པའི་གནས་སྟངས་འོག་བཞག་ཡོད་ “ཅེས་གསུངས།
ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་གཞུང་གི་འཛམ་གླིང་ནང་ཆོས་དད་རང་དབང་ཐོག་སེམས་འཚབ་ཡོད་པའི་རྒྱལ་ཁབ་ཀྱི་ཐོ་གཞུང་ནང་རྒྱ་ནག་ཀྱང་ཚུད་ཡོད། །