ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༦ ཉིན་རྡ་ས་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༣༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། གཞན་སྐུ་མགྲོན་དུ་དབུས་གཙང་གི་སྤྱི་འཐུས་རྣམ་པ་དང་། དབུས་གཙང་ཆོལ་ཁའི་རྒྱུན་ལས་རྣམ་པ། དེ་བཞིན་སེར་སྐྱ་མི་མང་བཅས་འདུ་འཛོམས་གནང་འདུག
མཛད་སྒོའི་ཐོག་མར་གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་དབུ་མཛད་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་གནང་བ་དང་། དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་བསྟུན། ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་སྦྲགས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་སླད་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས།
དེ་ནས་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཚོགས་གཙོས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་ཀྱི་གསུང་བཤད་སྒྲོགས་སྦྱང་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་། ད་བར་མི་བྱས་པ་ཅན་རྣམས་ལ་རྗེས་སུ་ཡི་རངས་དང་། བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། གསུང་དོན། རྩ་བའི་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཚོགས་གཙོའི་གསུང་བཤད་ལས་ལྷག་པ་ཞིག་ང་ལ་གང་ཡང་ཞུ་རྒྱུ་མེད། ཁོང་གིས་གང་གསུངས་བ་དེ་དེ་བཞིན་ནོ་ལབ་རྒྱུ་ཙམ་རེད་འདུག ཁྱེད་ཚོའི་དམིགས་ཡུལ་ནང་ཡོད་པ་གཞིར་བཟུང་མི་མང་དཀྱུས་མའི་ནང་ག་ཚོད་སྙོབ་ཐུབ་ཐབས་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། མི་མང་ཉམ་ཆུང་སྐྱབས་མེད་མགོན་མེད་རིགས་ཀྱི་ཕྲུ་གུ་སློབ་སྦྱོང་བྱ་འདོད་ཡོད་ཀྱང་། དཔལ་འབྱོར་མཐུན་རྐྱེན་མི་རག་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ལྷག་པ་ཡིན་ན། དངོས་གནས་ཕངས་པོ་ཞེ་དྲགས་རེད། དེ་ཚོའི་གྲས་མ་ལྷག་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།
གོང་དུ་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཚོགས་གཙོའི་གསུང་བཤད་ནང་ང་ཚོའི་སྤྱི་ཚོགས་ནང་ཆིག་སྒྲིལ་ཡོང་རྒྱུའི་ཆེད་བློས་བཏང་མང་པོ་གནང་ཡིན་གསུངས་བ་བཞིན། བར་ལམ་ཞིག་ནས་ང་ཚོའི་སྤྱི་ཚོགས་ནང་སེར་ཀ་ལྟ་བུ་ཞིག་བྱུང་བ་རེད། དེ་འདྲ་པོ་མེད་པ་བཟོས་དགོས་པ་དང་། མ་འཆམ་པ་འཆམ་པ་བཟོ་རྒྱུ། མ་མཐུན་པ་མཐུན་པ་བཟོ་རྒྱུ། མ་འགྲིག་པ་འགྲིག་པ་བཟོ་དགོས་རྒྱུའི་རིགས་དེ་རིང་བརྒྱུད་ལམ་འདི་བརྒྱུད་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མའི་ངོས་ནས་ཐུགས་འགན་བཞེས་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་དང་། ཆིག་སྒྲིལ་མེད་པ་དེ་གཞིས་བཞུགས་བོད་མི་ཚོར་མི་དགོས་པ་ཞིག་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་ལའང་མི་དགོས་པ་ཞིག་ཡིན་པ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པའི་ནང་ལའང་མེད་པ་ཞིག་ཡིན་དུས། ད་ལོ་༸གོང་ས་མཆོག་གི་སྐུའི་དགུང་ཀེག་དངོས་གཞི་འདིའི་ནང་ང་ཚོའི་སྤྱི་ཚོགས་ནང་ཡོད་པའི་སེར་ཀ་དེ་མེད་པ་བཟོ་དགོས་པ་མ་ཟད། ཚང་མས་མཐུན་ལམ་གོང་བུ་ཆིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟ་བུ་བཟོས་པ་ཡིན་ན། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དེ་ཆགས་ཀྱི་རེད།
དེ་བཞིན༸གོང་ས་མཆོག་གིས་དུས་རྒྱུན་བཀའ་སློབ་རབ་དང་རིམ་པ་གནང་བཞིན་ཡོད་པ་དང་། ཚོགས་པ་ཚང་མས་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་དམིགས་ཡུལ་ཡོད་པ་གཞིར་བཟུང་། ང་ཚོས་མགོན་པོ་གང་གིས་གནང་བའི་བཀའ་སློབ་དེ་དག་དེབ་ཐེར་ནང་གཅིག་པུར་མི་ལྷག་པ་བྱས་ནས། ཆོས་ཀྱི་ཐོག་ལ་བཀའ་སློབ་གང་ཕེབས་ཡོད་པ། སྲིད་ཀྱི་ཐོག་ལ་བཀའ་སློབ་གང་ཕེབས་ཡོད་པ། དེ་བཞིན་འཕྲོད་བསྟེན་ཐོག་བཀའ་སློབ་གང་ཕེབས་ཡོད་པ་སོགས་ཟུར་དུ་བཏོན་ནས། ལོ་རེ་རེའི་ནང་འགན་འཛིན་ལྷན་ཚོགས་འཚོགས་སྐབས་ལོ་འདི་དང་དེའི་ནང་ཇི་ཙམ་གྲུབ་ཐུབ་པ་དང་། མི་ཐུབ་པ་གསལ་པོ་བཟོ་དགོས་རྒྱུ་གལ་ཆེན་པོ་རེད་འདུག འཛམ་གླིང་ནང་༸གོང་ས་མཆོག་གི་བཀའ་སློབ་ཉན་རྒྱུའི་ཆེད་ཕྱོགས་གང་ས་ནས་གདན་འདྲེན་ཞུ་བཞིན་ཡོད་པ་དང་། ང་ཚོས་༸གོང་ས་མཆོག་གི་བཀའ་སློོབ་སྣང་མེད་དུ་བཞག་ན་རྩ་བ་ཉིད་ནས་འགྲིག་གི་མེད་པ་དང་། དེར་ང་ཚོས་དམིགས་བསལ་ཐུགས་སྣང་གནང་བའི་ཐོག་ནས་དོན་དམ་ལག་ལེན་གནང་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོ་ཕྱི་ལོགས་ནས་བཀའ་སློབ་ལམ་སྟོན་གནང་མཁན་དེ་འདྲ་གདན་འདྲེན་ཞུ་དགོས་པ་ངས་རྩ་བ་ནས་མཐོང་གི་མེད་པ་དང། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་སློབ་སྦྱོང་བྱས་པ་ཡིན་ན་དེས་མ་འགྲིག་པ་གང་ཡང་མཐོང་གི་མི་འདུག་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་དང་། མཐར་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་དྲུང་ཆེ་ཡིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། བསངས་གསོལ་གནང་ཡོད་པ་བཅས། །