ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །རྒྱ་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་མ་ཟད། འཛམ་གླིང་ཕྱི་ཕྱོགས་སུའང་འབྲེལ་བ་བྱེད་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད་པ་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ནང་འདོན་སྤེལ་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༣ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བཙན་ཤེད་འོག་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཙམ་མིན་པར་སི་ཁྲོན་དང་། མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ས་ཁུལ་ཁག་ཏུའང་རྒྱའི་བཙན་ཁྲིད་འོག་བོད་མི་གང་བྱུང་དུ་འཛིན་བཟུང་གྱིས་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་དང་། རྒྱའི་དཔོན་རིགས་ཚོས་བོད་མིར་མནར་གཅོད་ཚད་མེད་བཏང་བའི་གནས་ཚུལ་བཀག་སྡོམ་དང་འབྲེལ་ཏེ་འཛམ་གླིང་ཕྱི་ཕྱོགས་སུ་འབྲེལ་བ་གནང་སླད་དྲྭ་རྒྱར་བཀག་འགོག་དང་དོ་དམ་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཞི་བའི་འདུ་འཛོམས་ཁག་ལ་སྟངས་འཛིན་དང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ལ་སུན་གཙེར་གྱིས་བཀག་སྡོམ་བྱེད་མུས་ཡིན་པ་ཐེར་འདོན་གནང་འདུག
བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་སུ་ཡོད་པའི་བོད་རིགས་ས་ཁུལ་ཁག་ཏུ་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་མ་ཟད། བོད་རིགས་ཚོས་ཕྱི་རྒྱལ་མི་སྣ་དང་ལྷན་དུ་སྐད་ཆ་བཤད་པའམ་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁ་པར་དང་སྤྱི་ཚོགས་དྲྭ་ལམ་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་ཚེ་འཛིན་བཟུང་གིས་ཁྲིམས་ཆད་གཏོང་བཞིན་ཡོད་པ་དང་རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་དང་འགལ་བའི་དབང་ཆ་ལོག་པར་སྤྱོད་མཁན་རྒྱ་རིགས་དཔོན་པོ་ཚོར་རྒྱ་ནག་གཞུང་ནས་ཉེས་ཆད་བཏང་བ་སོགས་ཀྱི་གནས་ཚུལ་གང་ཡང་གོ་རྒྱུ་མེད་སྐོར་བཀོད་གནང་ཡོད།
སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བྱས་ཡོད་སྐོར་དང་འབྲེལ་ཏེ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་༸སྐུ་འཁོར་ལྷན་རྒྱས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་དང་། དེ་བཞིན་བོད་ནང་གི་གྲྭ་བཙུན་ཚོར་དགོན་པའི་ཕྱི་ཕྱོགས་ལ་བསྐྱོད་སྐབས་ལུས་ལ་གྲྭ་ཆས་གྱོན་ཚེ་སུན་གཙེར་བཟོ་མུས་ཡིན་པར་བརྟེན་གྲྭ་ཆས་གྱོན་གྱི་མེད་པ་དང་། རྒྱའི་ས་ཁུལ་ཁག་ཏུ་འགྲིམ་འགྲུལ་གནང་ཚེ་བོད་རིགས་ཚོར་རྒྱའི་གླ་འཁོར་ནང་འཇུག་གི་མེད་པའི་ཁར་བོད་རིགས་ཚོར་མགྲོན་ཁང་གཡར་གྱི་མེད་པ་བརྗོད་འདུག
རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་ད་བར་བོད་མི་ ༡༥༥ ནས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་དངོས་སུ་ཤེས་རྟོགས་བྱུང་བར་བོད་མི་གསུམ་གྱིས་རང་ལུས་མེར་སྲེག་གནང་སྐོར་ངོ་སྤྲོད་དང་སྦྲགས། ཁོང་རྣམ་པས་བོད་དོན་ཆེད་དུ་སྐུ་ལུས་མེར་སྲེག་གནང་བས་ཁྲིམས་ཆད་དེ་ནང་མིས་གཙོས་འབྲེལ་ཡོད་ཀུན་ལ་བཏང་དང་གཏོང་བཞིན་ཡོད་པ་ལྟར། ཨ་མདོ་ལྔ་བ་ཁུལ་དུ་ད་བར་རང་ལུས་མེར་སྲེག་གནང་མཁན་གྱི་འབྲེལ་ཡོད་ཕ་མ་དང་། གྲོགས་པོ། སྤུན་མཆེད་རྣམས་དུས་རྟག་ཏུ་རྒྱ་ནག་གཞུང་གིས་ལྟ་སྲུང་ནན་པོ་བྱེད་མུས་ཡིན་པ་དང་། ལྷག་པར་མི་སྣ་དེ་རྣམས་ཀྱིས་ས་ཁུལ་དེ་དག་ལ་འབྱོར་བའི་ཕྱིའི་རྒྱལ་ཁབ་ཀྱི་མི་སྣ་དང་ལྷན་དུ་ཐུག་འཕྲད་གནང་རྒྱུ་དང་སྐད་ཆ་བཤད་རྒྱུར་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་པ་སོགས་གསལ་བཏོན་གནང་འདུག
ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་བ་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་རེའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ནང་རྒྱ་གཞུང་བཙན་གནོན་འོག་བོད་མིས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་རྣམས་སླར་འདོན་སྤེལ་གནང་སྐོར་ངོ་སྤྲོད་དང་འབྲེལ། དེ་སྔ་ཕྱི་ལོ་ ༡༩༥༩ ལོར་ཆོལ་གསུམ་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་གནང་ནས་ལོ་ངོ་ ༦༠ འཁོར་གྱི་ཡོད་པ་མ་ཟད། ༸གོང་ས་མཆོག་རྒྱ་གར་དུ་ཆིབས་སྒྱུར་གནང་ནས་མི་ལོ་ ༦༠ འཁོར་ཡང་བོད་ནང་དུས་ད་ལྟའང་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་དྲག་པོའི་སྲིད་བྱུས་འོག་མནར་གཅོད་མྱངས་དང་མྱོང་མུས་ཡིན་པ་ནམ་ཡང་བརྗེད་རྒྱུ་མེད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་དཀག་སྡོམ་ནན་པོ་གནང་དགོས་ཞེས་གསུང་འདུག་པ་བཅས། །