༢༠༡༡ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དེའི་གནས་སྟངས་ལ་ཡར་རྒྱས་གང་ཡང་མེད་ཁར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་མུ་མཐུད་ཞུས་པ་དང་ཆབས་ཅིག་བོད་མི་ཚོར་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསར་དུ་འདོན་སྤེལ་གནང་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ནང་ཁྲིམས་རྩོད་པ་དང་ལས་འགུལ་བ། དེ་བཞིན་གསར་འགོད་པ་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་མ་ཟད། སྨྲ་བརྗོད་རང་དབང་དང་གསར་འགྱུར་བརྒྱུད་ལམ་ཁག ལྷག་པར་དྲ་རྒྱ་ཁག་ལ་སྟངས་འཛིན་ཤུགས་ཆེ་བྱས་ཡོད། དེ་བཞིན་རྒྱ་ནག་གཞུང་ནས་བོད་དང་ཤར་ཏུར་ཀི་སི་ཐན་ནང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བའི་འགྲེལ་བརྗོད་གནང་འདུག རྩ་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོ་དེའི་ནང་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ ༡༩༠ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉམས་ཞིབ་མཐིལ་ཕྱིན་གནང་བ་ཞིག་ཡིན་འདུག ཕྱོགས་མཚུངས་སྙན་ཐོ་དེའི་ནང་བོད་དོན་དང་འབྲེལ་བའི་ལེ་ཚན་ནང་རྒྱ་ནག་གཞུང་གིས་འདས་ལོའི་ནང་བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང། འདུ་འཛོམས་ཀྱི་རང་དབང་སོགས་ལ་དྲག་གནོན་བྱས་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས་རྒྱ་ནག་གཞུང་ནས་ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་བོད་མི་གང་བྱུང་འཛིན་བཟུང་བྱས་པ་དང་། བཟང་བཙོན་དུ་བཅུག་པ། སྡུག་སྦྱོང་མནར་གཅོད་བཏང་བ། ཐ་ན་དམར་གསོད་བཏང་བ་སོགས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་ལས་འགུལ་མུ་མཐུད་སྤེལ་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་སླད་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་བློ་འཚབ་ཆེན་པོ་ཡོད་པའི་འགྲེལ་བརྗོད་གནང་འདུག ཕྱོགས་མཚུངས་ཨ་རིའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ཧ་ལི་རི་ཁན་ལན་ཌོན་མཆོག་གིས་སྙན་ཐོ་དེ་དབུ་འབྱེད་འདོན་སྤེལ་གནང་སྐབས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༢ པ་ནས་བཟུང་རྩོམ་པ་པོ་དང་ཁྲིམས་རྩོད་པ། སྒྱུ་རྩལ་བ། མཁས་དབང་། སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ཀྱིས་འཛིན་བཟུང་བྱས་ཡོད། ལྷག་པར་ཉེ་ཆར་པེ་ཅིང་ནས་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ཨེ་ཝི་ཝི་ལགས་འཛིན་བཟུང་བྱས་པའི་གནད་དོན་ལུང་འདྲེན་དང་འབྲེལ། མི་སྣ་དེ་དག་དོ་དམ་དང་བཀག་ཉར་བྱས་པ་དེ་ནི་ཁྲིམས་དང་མི་མཐུན་པ་ཞིག་ཡིན་པར་བརྟེན། ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་གྲོས་དོན་དང་མཐུན་པའི་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པ་ཙམ་གྱིས་འཛིན་བཟུང་དོ་དམ་བྱས་པ་ཡོངས་རྫོགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་ལྷན་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་བསྐུལ་མ་ཞུ་གི་ཡོད་ཅེས་འགྲེལ་བརྗོད་གནང་འདུག་པ་བཅས། །
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོའི་ནང་རྒྱ་གཞུང་གིས་༸གོང་ས་མཆོག་ལ་མཚན་སྨད་མུ་མཐུད་ཞུ་བཞིན་པར་སྐྱོན་བརྗོད་བྱས་པ།
གསར་གནས།
འབྲེལ་གནས།