ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་པྲཱག་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Zdeněk Hřib མཆོག་གིས་གཞུང་འབྲེལ་གྱི་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས། ཆེ་བསྟོད་མཚོན་སླད་པྲཱག་གྲོང་ཁྱེར་གྱི་ལྡེ་མིག་ཕུལ་འདུག དེའི་མཚོན་དོན་ནི་ཕན་ཚུན་དབར་མཐུན་ལམ་དང་ཡིད་ཆེས་ཡོད་པ་མཚོན། སྤྱིར་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཡུལ་དེར་འབྱོར་མཚམས་མཐོ་སློབ་དང་གྲོང་ཁྱེར་ལས་ཁུངས་སོགས་ནང་བཙུགས་པའི་བོད་ཀྱི་རྒྱལ་དར་མར་ཕབ་བཅུག་ཡོད། འོན་ཀྱང་དེ་ཐེངས་སླར་ཡང་བོད་ཀྱི་རྒྱལ་དར་སྒྲེང་འདུགས་ཆོག་པ་ནི་ཡུལ་འདིའི་བོད་དོན་ཐོག་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཕྱིན་པ་གསལ་པོར་མཚོན་ཐུབ།
པྲཱག་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་སྐབས་དེར་སྲིད་སྐྱོང་མཆོག་ལ་གཞུང་འབྲེལ་ཕེབས་བསུ་ཞུ་ཐུབ་པར་དགའ་སྤོབས་དང་ཆེ་མཐོང་ཐོབ་པ་ཞིག་བྱུང་སྐོར་དང་། ཕྱོགས་མཚུངས་རིང་མིན་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྐབས་གཞིས་བྱེས་བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན་སྐོར་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་སླད་ང་ཚོས་གྲོང་ཁྱེར་ས་ཚིགས་འདྲ་མིན་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུ་ཡིན། ཞེས་གསུངས།
བར་ལམ་ཞིག་ནས་ཡུལ་དེར་རྒྱ་ནག་གི་གནོན་ཤུགས་འོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང་། ཕྱི་ཟླ་ ༣ ཚེས་ ༨ ནས་ ༡༡ བཅས་ཉིན་གྲངས་བཞིའི་རིང་གྲོང་ཁྱེར་གྱི་ཚོགས་ཁང་རྙིང་པའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་མ་ཟད། བོད་མིའི་གསུམ་བཅུའི་དུས་དྲན་སྐབས་སུའང་གདུང་སེམས་མཉམ་སྐྱེ་ཞུ་སླད་གྲོང་ཁྱེར་གྱི་ཚོགས་ཁང་ ༧༠༠ དང་། སློབ་གྲྭ། དེ་བཞིན་ཚོགས་པ་ཁག་གི་ལས་ཁུངས་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་རྒྱ་ཆེ་གནང་གཏན་འཁེལ་འདུག
སྤྱིར་རྒྱལ་ས་པྲཱག་ནི་བཟོ་བཀོད་རྒྱུ་སྩལ་ཐོག་ལ་སྙན་གྲགས་ཡོད་པ་ཞིག་དང་། ལྷག་པར་ནུབ་ཕྱོགས་རིག་རྩལ་བསྐྱར་དར་ Renaissance དུས་སྐབས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་གྲོང་ཁྱེར་ཞིག་ཡིན། དེ་ཡང་སྲིད་སྐྱོང་མཆོག་གིས་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་དང་འབྲེལ་ནས་གསུང་དོན། སྤྱིར་མཚོན་དོན་དེ་ཧ་ཅང་གནད་འགག་ཆེན་པོ་རེད། མཚོན་དོན་ཙམ་ཡང་ལོངས་སུ་སྤྱོད་མ་ཐུབ་ཚེ་མི་ཚེའི་ནང་གལ་གནད་ཆེ་བའི་ཐོབ་ཐང་ཞིག་མེད་པར་གྱུར་བ་རེད། དེར་བརྟེན་ད་ཐེངས་ཡུལ་འདིའི་ནང་ཙམ་མ་ཟད། སི་ལོ་ཝ་ཀི་ཡ་དང་ཡུ་རོབ་བཅས་ཀྱི་གྲོང་ཁྱེར་ཆེ་ཆུང་མང་པོ་ཞིག་གི་ནང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ནས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པར་བྱ་རྒྱུ་ཡིན་པ་དེར་ངས་བསྔགས་བརྗོད་ཞུ་རྒྱུ་ཡིན། རྒྱལ་དར་སྒྲེང་འཛུགས་ལམ་ནས་རྒྱབ་སྐྱོར་གྱི་རྣམ་པ་མཚོན་བཞིན་ཡོད།
མཚོན་དོན་དེ་ནི་དྲག་གནོན་དང་བཙན་འཛུལ་ལ་གདོང་ལེན་བྱས་པ་ཞིག་མཚོན་པ་མ་ཟད། བོད་ཀྱི་རྒྱལ་དར་དེས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། འཚེ་མེད་ཞི་བ་མཚོན་བཞིན་ཡོད། ཅེས་གསུང་།