ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཉེ་ལམ་རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་The Global Times ཟེར་བའི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་བདེ་འཇགས་གནས་སྟངས་ནི་འཛམ་གླིང་ནང་ཡག་ཤོས་ཡིན་སྐོར་སྤོབས་པ་ཆེན་པོས་བསྒྲགས་འདུག དེ་ལྟར་ཡོང་བ་དེ་གཙོ་ཆེར་འཛིན་སྐྱོང་གི་ལམ་ལུགས་གསར་གཏོད་ལ་བརྟེན་ནས་བྱུང་ཚུལ་སྙོན་པ་དང་། གོ་ལའི་དུས་བབ་ནང་བོད་ལྗོངས་ཉིན་རེའི་གསར་ཤོག་ལུང་འདྲེན་བྱས་ཏེ། རྒྱ་ནག་སྤྱི་ཚོགས་ཚན་རིག་སྡེ་ཚན་ Chinese Academy of Social Sciences ཟེར་བས་རྒྱ་ནག་ནང་གི་གྲོང་ཁྱེར་ ༣༨ ལ་བདེ་འཇགས་ཀྱི་གནས་སྟངས་རྟོག་ཞིབ་བྱས་ནས་སྙན་ཐོ་ཞིག་བཏོན་པའི་ནང་། བདེ་འཇགས་ཀྱི་གནས་སྟངས་ཡག་ཤོས་ཡོད་པའི་གྲོང་ཁྱེར་བོད་ཀྱི་རྒྱལ་ས་ལྷ་ས་ཡིན་པ་བཀོད་ཡོད།
སྤྱིར་ཕྱི་ལོ་ ༢༠༡༣ ལོར་རྒྱལ་ས་ལྷ་ས་ནི་དམངས་ཀྱི་བདེ་འཇགས་ཨང་དང་པོར་མིང་འདོན་བྱས་འདུག “མང་ཚོགས་ཀྱི་བསམ་བློའི་ནང་བདེ་འཇགས་ཀྱི་གནས་སྟངས་ཐད་བརྒྱ་ཆ་དགུ་བཅུ་གོ་དགུ་ཡིད་ཆེས་བློ་འགེལ་ཐུབ་པའི་གདེང་འཇོག་བྱས་ཡོད། “ཅེས་གོ་ལའི་དུས་བབ་ཀྱིས་བཤད། གནས་ཚུལ་དེ་ནི་གཏམ་བཟང་ཞིག་རེད། བོད་ནང་གི་གནས་སྟངས་ངོ་མ་རྒྱུས་མངའ་མེད་མཁན་ཞིག་གིས་ཕྱི་ཚུལ་ཙམ་ལ་བལྟས་ནས་དེ་ལྟར་བདེན་པར་འཛིན་སྲིད། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཇི་ཙམ་བྱས་ཀྱང་བོད་ནང་གི་དངོས་ཡོད་གནས་སྟངས་ནི་སྣང་གནས་མི་མཐུན་པ་ཞིག་རེད། ཕྱི་ཟླ་ ༢ ཟླ་འགོ་ཙམ་ནས་བཟུང་བོད་དེ་བཞིན་འཛམ་གླིང་ཕྱི་ལ་སྒོ་བརྒྱབ་ཡོད།
དེ་ཡང་གསར་འགོད་མཐུན་ཚོགས་ AP News ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༤ མ་ཟིན་བར་བོད་ནང་དུ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སུ་གཅིག་ཀྱང་འགྲོ་མི་ཆོག་པ་རེད། སྤྱིར་གཞུང་འབྲེལ་ཐོག་ནས་དམ་བསྒྲགས་ཀྱི་གསལ་བསྒྲགས་སྤེལ་མེད་ཀྱང་རྒྱ་ནག་གཞུང་གིས་འགྲིམ་འགྲུལ་ལས་ཁང་བརྒྱུད་ནས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་དམ་བསྒྲགས་བྱས་ཡོད། གལ་ཏེ་ལྷ་སའི་ནང་གི་བདེ་འཇགས་ཀྱི་གནས་སྟངས་ཡག་ཤོས་ཡོད་ཚེ་དམ་བསྒྲགས་དེ་ལྟར་བྱེད་དགོས་དོན་གང་ཡིན་ནམ།
བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཉེན་རྟོག་མི་སྣ་དང་སོ་ཉུལ་བའི་ཁེངས་ཤིང་། གཞུང་ལམ་དང་སྲང་ལམ་ཁག་ཏུ་བཅིངས་བཀྲོལ་དམག་མིས་མེ་མདའ་བཟུང་ནས་གོམ་བགྲོས་བྱས་པ། ཁང་པའི་རྩིག་གྱང་གང་སར་སོ་ལྟའི་པར་ཆས་བཙུགས་པ། ལྕགས་ཁྲབ་འཁོར་ལོའི་སྦིར་སྒྲ་གང་སར་ཐོས་ཐུབ་པ་སོགས་ལ་གཞིགས་ཚེ། ལྷ་སའི་ནང་གི་བདེ་འཇགས་གནས་སྟངས་ནི་འཛམ་གླིང་ནང་ཡག་ཤོས་ཡིན་ཟེར་བའི་གཏམ་དེར་ངོ་མཚར་སྐྱེ་དགོས་པ་ཞིག་མ་མཐོང་།
རྒྱལ་ས་ལྷ་སའི་དངོས་ཡོད་གནས་སྟངས་ནི་དམ་བསྒྲགས་ཀྱིས་བཅིངས་ནས་ཡོད། ཉེ་ལམ་བོད་ནང་ལྟ་སྐོར་བསྐྱོད་མཁན་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་བརྗོད་གསལ། “བོད་ནང་གི་བོད་མི་ཚོར་བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་གླེང་སློང་བྱ་རྒྱུ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་རེད་འདུག རྒྱ་མིས་ང་ཚོའི་སྤྱི་སྤྱོད་རླངས་འཁོར་ལ་སོ་ལྟའི་པར་ཆས་དང་། ས་ཚིགས་རྗེས་དེད་འཕྲུལ་ཆས། དེ་བཞིན་སྒྲ་འཛིན་འཕྲུལ་ཆས་བཙུགས་ནས་ང་ཚོའི་འགྲོ་འདུག་ལ་སོ་ཉུལ་བྱས་པ་ང་ཚོས་སྔ་ས་ནས་ཤེས་བྱུང་། ས་གནས་ས་ཐོག་ཏུ་དམ་བསྒྲགས་ཧ་ཅང་འདུག ཕྱི་རྒྱལ་གསར་འགོད་པ་དང་གཞུང་འབྲེལ་མི་སྣ་བོད་ནང་གཏང་གི་མེད། གནས་སྟངས་དེ་འདྲའི་འོག་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། “ཅེས་བརྗོད།
དེ་ལྟར་དམག་ཁྲིམས་ཀྱིས་བཅིངས་པའི་བོད་ནང་རང་དབང་གི་གཡོ་འགུལ་ཞིག་སུས་བྱེད་ཐུབ་བམ། འདས་མ་ཐག་པའི་ལོ་གསར་བོད་མི་ཚོར་སྲུང་བརྩི་ཞུ་བཅུག་མེད། འོན་ཀྱང་ལོ་གསར་སྐབས་དམ་བསྒྲགས་ཆེན་པོ་བྱས་པའི་གནས་ཚུལ་ཕྱིར་གྱར་བྱུང་བཞིན་ཡོད། སྐབས་དེར་ལོ་གསར་གྱི་རྣམ་པ་ལས་ལྡོག་སྟེ་འཇིགས་སྣང་དང་སྡིགས་རའི་རྣམ་པ་ཆེ་ཆེར་མངོན་ཡོད། གཞུང་གི་ལས་བྱེད་ཚོར་ལོ་གསར་སྐབས་གུང་སེང་སྤྲད་མེད་པ་མ་ཟད། དགོན་པ་སོགས་སུ་མཆོད་མཇལ་མི་ཆོག་པའི་བཙན་བཀའ་བཏང་འདུག དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་བ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༤ དང་འགལ་ཡོད། དོན་ཚན་དེའི་ནང་དུ་གྲངས་ཉུང་མི་རིགས་ཚོར་ཆོས་དད་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་ཡོད་པ་གསལ་ཡོད།
ད་ལྟ་བོད་དེ་བཞིན་འཛམ་གླིང་ཕྱི་ལ་སྒོ་བརྒྱབ་སྟེ་དམ་བསྒྲགས་བྱེད་བཞིན་པ་ནི། གཙོ་བོ་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་སླེབ་ལ་ཉེ་བར་བརྟེན་ཡིན་སྐོར་ཚོད་དཔག་བྱེད་བཞིན་ཡོད། ལོ་ལྟར་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བའི་སྐབས་རྒྱ་ནག་གཞུང་གིས་བོད་མི་ཚོས་བོད་དོན་ཆེད་ངོ་རྒོལ་རྔམ་སྟོན་བྱེད་རྒྱུར་དོགས་ནས་དམ་བསྒྲགས་བྱེད་ཀྱི་ཡོད། གསུམ་བཅུའི་དུས་དྲན་ཉིན་མོ་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་དབང་སྒྱུར་བྱས་པ་དེར་ངོ་རྒོལ་རྔམ་སྟོན་བྱས་པའི་དྲན་རྟེན་ཉིན་མོ་ཞིག་ཡིན་པ་རེད།
སྐབས་དེར་རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་ཚོའི་ཐོག་མེ་མདའ་བརྒྱབ་སྟེ་བོད་མི་མང་པོ་དམར་གསོད་བཏང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་དགོས་བྱུང་ཡོད། རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ལོ་ངོ་ ༦༠ འཁོར་བཞིན་ཡོད། ད་བར་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་བཀྲོལ་བཏང་ཚུལ་དང་། བོད་མི་ཚོ་རྒྱ་ནག་དམར་ཤོག་དབང་སྒྱུར་འོག་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་སྙོན་བཞིན་ཡོད། འོན་ཀྱང་དངོས་ཡོད་གནས་སྟངས་ནི་རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཀྱི་ཚེ་སྲོག་ཤོར་བ་དང་། དགོན་པ་གྲངས་ ༦༠༠༠ གཏོར་བཤིག་བཏང་བ་མ་ཟད། རྒྱལ་བའི་གསུང་རབ་ཀྱི་གླེག་བམ་ཧ་ཅང་མང་པོ་མེར་སྲེག་བཏང་ཡོད།
ད་ཆ་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་སྔར་བས་ཆེ་རུ་བཏང་ཡོད། བོད་པའི་དགོན་པ་ཁག་གིས་བོད་མི་གཞོན་སྐྱེས་ཚོར་བོད་ཡིག་སློབ་འཁྲིད་བྱེད་མ་བཅུག་པ་དང་། བོད་མི་ཚོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གི་པར་སྒྲོམ་ལ་ཕྱག་འཚལ་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད། བོད་པའི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་ལས་རྒྱ་ཡིག་སློབ་འཁྲིད་གཙོ་བཟུང་བྱེད་བཞིན་ཡོད།
བོད་ནང་གི་དམ་བསྒྲགས་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་འགོ་ཁྲིད་ཚོས་དོ་སྣང་བསླེབ་ཆེད་ཕྱི་ལོ་༢༠༠༩ ནས་ད་བར་བོད་ནང་གི་བོད་མི་གྲངས་ ༡༥༣ གྱིས་རང་ལུས་མེར་སྲེག་བཏང་ཡོད། རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་རང་སྲེག་ལས་འགུལ་བ་ཚོའི་ནང་མི་སྤུན་མཆེད་རྣམས་ལ་དམ་བསྒྲགས་སུན་གཙེར་བཟོ་བཞིན་ཡོད། ལྷག་པར་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་ངལ་རྩོལ་བཙོན་རྭ་གསར་པ་བཙུགས་པ་དེ་ནི་དམ་བསྒྲགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྔོན་རྟགས་ཤིག་ཡིན། དེ་སྔ་བོད་ནང་ལག་བསྟར་བྱས་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་དག་ད་ཆ་ཡུ་གུར་ནང་ལག་བསྟར་བྱེད་བཞིན་ཡོད། ཕྱོགས་མཚུངས་ཡུ་གུར་ནང་ལག་བསྟར་བྱས་པ་དེ་དག་བོད་ནང་བསྐྱར་ལོག་བྱ་རྒྱུ་ངེས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིར་གསལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་པ་ཡང་ཡང་བཀའ་སློབ་སྩལ་ཡོད། རྒྱལ་སྤྱིའི་དབུ་ཁྲིད་དང་རྒྱ་ནག་མི་མང་ཚོས་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྩི་བཀུར་ཞུ་ཡི་མེད། ད་ཆ་བོད་མིའི་སྒེར་ལངས་ཐེངས་ ༦༠ སླེབ་ལ་ཉེ་སྟབས་བོད་ནང་དམག་ཁྲིམས་བསྡམས་པ་ལྟ་བུའི་དམ་བསྒྲགས་བྱེད་བཞིན་པ་ཤེས་ཚོར་ཐུབ།
གལ་ཏེ་རྒྱ་ནག་གཞུང་གིས་བོད་དེ་བཞིན་རྒྱ་ནག་དང་ཁ་བྲལ་མ་ཡིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་ཆིག་སྒྲིལ་ཁོངས་སུ་གནས་དགོས་ན། བོད་ཀྱི་ས་ཆ་ཁོ་ནར་དོན་གཉེར་མ་བྱས་པར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུས་ཏེ་བོད་མི་ཚོར་རང་གི་ཐུན་མིན་སྐད་ཡིག་དང་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར་རང་དབང་སྤྲོད་དགོས་པ་དང་། བོད་དེ་འཛམ་གླིང་ཕྱི་ལ་སྒོ་རྒྱག་རྒྱུའི་ཚབ་ཏུ་དམ་བསྒྲགས་མེད་པར་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་ལ་བརྩི་བཀུར་འོག་དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས། དེ་འདྲ་བྱས་པ་ཡིན་ན་བོད་མི་ཚོ་པེ་ཅིང་གཞུང་ལ་སེམས་ཐག་ཉེ་པོ་ཆགས་རྒྱུ་དང་། རྒྱ་ནག་འགོ་ཁྲིད་ཚོས་ཀྱང་བོད་ནང་གི་དངོས་ཡོད་གནས་སྟངས་ལ་དུས་རྟག་ཏུ་འཁྱོག་བཤད་བྱེད་དགོས་པ་དང་། བོད་ནི་འཛམ་གླིང་ནང་བདེ་འཇགས་ཀྱི་གནས་སྟངས་ཡག་ཤོས་ཡིན་ཚུལ་མི་བདེན་རྫུན་སྒྲིག་བྱེད་དགོས་དོན་མེད།
རྩོམ་པ་པོ། དྲིལ་བསྒྲགས་དྲུང་འཕར་ཚེ་དབང་རྒྱལ་པོ་ཨཱརྱ་ལགས། ༼རྩོམ་ཡིག་འདི་རྩོམ་པ་པོ་ལས་བོད་མིའི་སྒྲིག་འཛུགས་ཀྱི་བསམ་ཚུལ་ཡིན་པའི་ངེས་པ་མེད། ༽