ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡ རེས་གཟའ་པ་སངས།
༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སུད་སི་སྐུ་ཚབ་དོན་གཅོད་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢ ཉིན་བགྲེས་ཡོལ་དུ་ཕེབས་ཀྱི་ཡོད་སྟབས་དཔལ་ལྡན་བཀའ་ཤག་ལྷན་རྒྱས་ཀྱི་བཀའ་ཁྱབ་ལྟར། སུད་སི་སྐུ་ཚབ་དོན་གཅོད་ཚབ་གསར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུ་ཕྱིར་བསྐྱོད་ཆོག་མཆན་དུས་ཐོག་ཐོབ་ཐབས་མ་འགྱུར་བ་དང༌། ཕྱི་ཟླ་ ༢ ཚེས་ ༢༦ གོང་ཚབ་གསར་ས་གནས་སུ་མ་འབྱོར་ཚེ་ཕྱི་ཚེས་ ༢༧ དང་ ༢༨ ཉིན་དྲུང་ལས་སྐལ་ལྡན་མཚོ་མོ་ལགས་སུ་ནང་ཁུལ་རྩིས་སྤྲོད་ལེན་ཆོག་འཐུས་ཕེབས་པ་ལྟར་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ནས་རྩིས་དཔང་གནང་སྟེ་གོང་ཚེས་ཉིན་གཉིས་ལ་རྩིས་སྤྲོད་ལེན་འཐུས་ཚང་ཞུས་གནང་འདུག སྐུ་ཚབ་དོན་གཅོད་གསར་པ་འཆི་མེད་རིག་འཛིན་ལགས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ གོང་ས་གནས་སུ་ལས་བཅར་ཞུ་རྒྱུ་ཡིན།
དོན་གཅོད་ཟུར་པ་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས། བོད་མིའི་སྒྲིག་འཛུགས་སུ་མི་ལོ་བཅུ་ཕྲག་བཞི་མན་ཙམ་རིང་ཐེམས་པ་རིམ་འཛེགས་ཀྱིས་གལ་ཆེའི་ནང་སྲིད་དྲུང་ཆེ་དང༌། དེ་རྗེས་སྦར་སིལ་སྐུ་ཚབ་དོན་གཅོད་སོགས་ཀྱི་ལས་འགན་བཞེས་གནང་ཡོད་པ་བཅས། །