ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་༢༧ རེས་གཟའ་ལྷག་པ།
༄༅། །གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་གྱིས་ལྷ་ལྡན་ཆོ་འཁྲུལ་སྨོན་ལམ་ཆེན་མོ་ཐོག་མར་དབུ་བརྙེས་པ་ནས་བཟུང་ད་བར་མི་ལོ་ ༦༡༡ འཁོར་བཞིན་ཡོད་པ་དང་། ཆོ་འཁྲུལ་སྨོན་ལམ་ཆེན་མོའི་སྐབས་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་གྱིས་གཙོས་དགོན་སྡེ་གྲྭ་ཚང་ཁག་ཏུ་གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཅས་མདོར་ན་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཆ་ཚང་ལ་མ་ནོར་བར་གསན་བསམ་རྒྱ་ཆེར་མཛད་པའི་ལྷ་རམས་གཙོ་བོར་གྱུར་བའི་དགེ་བཤེས་རྣམ་པ་ཚོས་གྲྭ་སྐོར་དམ་འཇོག་མཛད་སྲོལ་ལྟར། ཕྱི་ལོ་ ༡༩༥༩ ཟླ་ ༢ ཚེས་ ༢༡ ཉིན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༢༤ ཐོག་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་འཇོག་མཛད་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཀྱང་ཡིན།
དུས་ཆེན་ཁྱད་པར་ཅན་དེ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་སྒྲ་བརྙན་ཚན་པའི་འགན་འཛིན་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ལྷ་ལྡན་སྨོན་ལམ་ཆེན་མོའི་བྱུང་རིམ་དང་གྲྭ་སྐོར་དམ་འཇོག་གི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་བྱ་དུས་དེབ་ཀྱི་རྩོམ་སྒྲིག་པ་ཟུར་པ་དང་། དགའ་ལྡན་ཕོ་བྲང་གི་ལས་ཁུངས་སུ་ཕྱག་ལས་གནང་བཞིན་པ་རྒན་བྱམས་བསྟན་ལགས་ལ་བཅར་འདྲི་ཞུས་པ་ཞིག་འདི་ག་བོད་ཡིག་ཚན་པས་ཡིག་ཐོག་ཏུ་ཕབ་པ་གཤམ་གསལ།
དྲི་བ། རྒན་བྱམས་བསྟན་ལགས་ཀྱིས་བཅར་འདྲིའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། རྒན་ལགས་ཀྱིས་ལྷ་ལྡན་སྨོན་ལམ་ཆེན་མོའི་བྱུང་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རོགས།
ལན། ཆོ་འཕྲུལ་དུས་ཆེན་གྱི་འབྱུང་ཁུངས་ནི་རྒྱ་གར་འཕགས་པའི་ཡུལ་རེད། དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་སྐབས་མཉན་ཡོད་དུ་མུ་སྟེགས་པའི་སྟོན་པ་དྲུག་གིས་གཙོས་འཁོར་དང་བཅས་པ་རྩོད་པ་དང་ཆོ་འཕྲུལ་གྱིས་ཕམ་པར་མཛད་པས་ཆོ་འཕྲུལ་དུས་ཆེན་ཞེས་མཚན་བཏགས་པ་དེ་འདྲ་རེད། དུས་དེ་ནས་བཟུང་རྒྱ་གར་དུ་ཆོས་རྒྱལ་རིམ་བྱོན་རྣམས་ཀྱིས་དུས་ཆེན་འདིར་ཕྱག་དང་མཆོད་འབུལ་རྒྱ་ཆེ་གནང་ནས་དུས་ཆེན་སྲུང་བརྩི་ཞུས་ཡོད། དེའི་རྒྱུ་མཚན་ནི་སྐབས་དེར་དགེ་བ་གཅིག་བསྒྲུབས་ན་འབུམ་འགྱུར་འགྲོ་ཡི་ཡོད་པའི་ཆ་ནས་རེད། བོད་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐོག་མར་དར་ཚུལ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་མཁན་སློབ་ཆོས་གསུམ་བོད་དུ་གདན་འཛོམས་ནས་མདོ་སྔགས་ཀྱི་བསྟན་པ་དངོས་གཞི་གཞི་ཚུགས་ཐུབ་པ་བྱུང་། དེ་ནས་ཆོས་རྒྱལ་རིམ་བྱོན་དང་། བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པས་རང་རང་སོ་སོའི་གདན་ས་ཁག་ཏུ་དུས་ཆེན་འདི་ལ་ཕྱག་དང་མཆོད་འབུལ་གྱིས་དུས་ཆེན་སྲུང་བརྩི་ཞུས་ཡོད་ཀྱང་གཅིག་གྱུར་བྱུང་མེད།
དེར་བརྟེན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཕྱི་ལོ་ ༡༤༠༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་ཐོག་མར་གསར་འཛུགས་མཛད་ནས་ལྷ་ལྡན་འཕྲུལ་སྣང་གཙུག་ལག་ཁང་གི་རྟེན་གཙོ་བོ་ཇོ་བོ་ཤཱཀྱ་མུ་ཎི་ལ་གསེར་གྱི་པྲོག་ཞུ་དང་གོས་རྒྱན་སོགས་ཕུལ་ཏེ་སྐུའི་ཆ་ལུགས་སྤྲུལ་སྐུའི་རྣམ་ཅན་ནས་ལོངས་སྐུའི་རྣམ་ཅན་དུ་བསྒྱུར་བ་རེད། དེ་ནས་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ནང་ནས་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ཆོ་འཕྲུལ་སྨོན་ལམ་ཐོག་དབུ་བཞུགས་མཛད་པའི་ལོ་རྒྱུས་འདུག ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་ཆོ་འཕྲུལ་སྨོན་ལམ་གྱི་སྦྱིན་བདག་བོད་གཞུང་རང་ནས་གནང་ཡོད། སྐབས་དེར་དགེ་འདུན་ཞལ་གྲངས་ཁྲི་གཉིས་ནས་གསུམ་བར་འཛོམས་ནས་སྨོན་ལམ་ཚོགས་ཡོད།
དྲི་བ། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ལྷ་ལྡན་སྨོན་ལམ་ཆེན་མོའི་དབར་འབྲེལ་བ་ཇི་བྱུང་གསུང་རོགས།
ལན། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ལྷ་ལྡན་སྨོན་ལམ་ཆེན་མོ་དབར་གྱི་འབྲེལ་བ་ནི། ལྷ་ལྡན་སྨོན་ལམ་ཆེན་མོ་དེ་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་རེད། ༸རྒྱལ་དབང་རིམ་བྱོན་ནང་ནས་༸སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་རེད། ༸རྒྱལ་དབང་སྐུ་ཕྲེང་གཉིས་པའི་སྐབས་ལ་སྨོན་ལམ་ཚོགས་ཐུབ་ཡོད། དེ་ནས་༸གོང་ས་ལྔ་པ་ཆེན་པོས་འབྲས་སྤུངས་སུ་གླིང་བསྲེའི་དགེ་བཤེས་དམ་འཇོག་མཛད་འདུག ༸རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་འབྲས་སྤུངས་སུ་རྡོ་རམས་པའི་དགེ་བཤེས་བཞག ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སེར་འབྲས་དགའ་གསུམ་དུ་ཕེབས་ཏེ་གྲྭ་སྐོར་དམ་འཇོག་མཛད་པ་མ་ཟད། ལྷ་རམས་པའི་དགེ་བཤེས་ཀྱི་མཚན་གནས་བཞེས་གནང་མཛད་འདུག
དྲི་བ། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གྲྭ་སྐོར་དམ་འཇོག་མཛད་ཚུལ་སྐོར་གསུང་རོགས།
ལན། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགུང་གྲངས་བཅུ་གཉིས་བཅུ་གསུམ་ཙམ་ནས་མཚན་ཉིད་ཀྱི་གཞུང་ཆེན་ཁག་ལ་གསན་གཟིགས་དབུ་འཛུགས་མཛད་དེ་མེ་ཕག་ལོར་གདན་ས་སེར་འབྲས་གཉིས་ལ་ཆོས་ཞུགས་མཛད། དེ་ནས་བཟུང་སྟེ་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་དང་། ཡོངས་འཛིན་གླིང་རིན་པོ་ཆེ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་སོགས་ཀྱིས་མཚན་ཉིད་བགྲོ་གླེང་རོགས་སྐྱོར་འོག་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུ་ཕར་འདུལ་མཛོད་སོགས་གཞུང་ཆེན་བཀའ་པོད་ལྔ་ལ་དུས་ཡུན་ལོ་ངོ་བཅུ་གསུམ་རིང་སློབ་གཉེར་མཛད་ཡོད། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་གནང་མཛད། སྐབས་དེ་དུས་དགའ་གདོང་ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ་དང་གནས་ཆུང་ཆོས་རྒྱལ་ཆེན་པོས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་འབངས་སེར་སྐྱ་མི་མང་དང་། ལྷ་མི་ཐུན་མོང་གི་རེ་འདུན་ལྟར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་པའི་དུས་ལ་བབས་ཡོད་ཅེས་ལུང་བསྟན་ཞུས་པ་ལྟར། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་གནང་མཛད།
དེ་རྗེས་ཕྱི་ལོ་ ༡༩༥༦ ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཆེད་དུ་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱིས་མགྲོན་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས། སྐབས་དེ་དུས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཀའ་སློབ་གལ་ཆེན་ཞིག་སྩལ་བའི་ནང་། “སྔར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་སོང་བ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། ཞེས་ལུང་བསྟན་གནང་ཡོད། བོད་ཀྱི་མཁས་པ་ཚོས་གདོང་དམར་གྱི་ཡུལ་ཟེར་བ་དེ་བོད་ཡིན་པ་ངོས་འཛིན་གནང་གི་ཡོད། གདོང་དམར་གྱི་ཡུལ་ཟེར་བ་དེ་བོད་ཡིན་མིན་མཁས་པ་རྣམ་པས་དཔྱད་པ་གནང་རོགས་” ཞེས་བཀའ་སློབ་སྩལ་འདུག
དེ་རིང་ཁ་སང་གདོང་དམར་གྱི་ཡུལ་ཟེར་བ་དེ་བོད་རང་ཡིན་པ་དངོས་སུ་ར་འཕྲོད་བྱུང་ཡོད། དེ་ནས་སླར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་ནས་བོད་དུ་ཆིབས་ཞལ་བསྒྱུར། སྐབས་དེ་དུས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐད་ཀར་སྟངས་འཛིན་འོག་སེར་མོ་བ་ཡོངས་ཀྱི་སྤྱི་ཁྱབ་ཡིག་ཚང་ཞིག་ཡོད། ཡིག་ཚང་དེའི་ནང་དྲུང་ཡིག་ཆེན་མོ་བཞི་དང་སྐབས་རེ་ལྔ་ཡོད། ཁོང་ཚོའི་ཁྲོད་ནས་དྲུང་ཡིག་ཆེན་མོ་ཐུབ་བསྟན་ཆོས་འཕེལ་ཟེར་བ་བགྲེས་སོང་ཞིག་ཡོད། ཁོང་གིས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གྲྭ་སྐོར་མཛད་དེ་ལྷ་རམས་པའི་མཚན་བཞེས་མཛད་རོགས་ཞེས་གསོལ་འདེབས་ཞུས་པ་ལྟར། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཞལ་བཞེས་མཛད་པ་རེད།
༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་ལྷ་རམས་པའི་དམ་བཅའ་དངོས་གཞི་དེ་བོད་ས་ཕག་ཟླ་ ༡ ཚེས་༡༣ དང་ཕྱི་ལོ་ ༡༩༥༩ ཟླ་ ༢ ཚེས་༢༡ ཉིན་བཞག་གནང་མཛད་པ་རེད། སྐབས་དེར་སེར་འབྲས་དགའ་གསུམ་གྱིས་དགེ་བཤེས་རྩེ་ཕུད་གྲས་མི་གྲངས་ ༣༥ ནས་༸
རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་རྟགས་གསལ་ཕུལ་བར་༸རྒྱལ་བ་མཆོག་ནས་བཀའ་ལན་རྣམས་ཐོགས་པ་མེད་པར་མཛད། སྐབས་དེར་ཡ་མཚན་པ་ཞིག་ལ། གནས་ཆུང་ཆོས་སྐྱོང་ནས་ཀྱང་༸སྐུ་མདུན་ལ་རྟགས་གསལ་ཕུལ་བའི་གནས་ཚུལ་ངོ་མཚར་ཅན་ཞིག་བྱུང་འདུག ལོ་དེའི་ཟླ་བ་གཉིས་པའི་ནང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་ལ་ཆིབས་སྒྱུར་བསྐྱངས་པ་རེད།
མཐའ་དོན་ད་ལོ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་སྐེག་དངོས་གཞི་ཁེལ་ཡོད་པར་བརྟེན། འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དུ་སྐྱེས་པའི་མདོ་དབུས་ཁམས་གསུམ་གྱིས་གཙོས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཆོལ་གསུམ་གོང་བུ་གཅིག་གྱུར་གྱི་ལར་ཞེན་སྙིང་བཅང་ཐོག་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་དང་། ལྷག་པར་བོད་མི་མི་རེ་ངོ་རེ་ནས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡིག་དྲུག་འབུམ་རེ་གསག་རོགས་གནང་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས། །