༢༠༡༡ ཟླ་ ༤ ཚེས་ ༥ རེས་གཟའ་མིག་དམར།
༄༅། །འདི་གར་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་གསལ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ ཉིན་ཉི་ཧོང་བྱང་ཤར་ཁུལ་དུ་ས་ཡོམ་གྱི་འཇིག་པ་དང་རྒྱ་མཚོའི་རྦ་རླབས་འཁྲུག་རྐྱེན་གྲོང་ཁྱེར་ཁ་ཤས་རྩ་མེད་ཕྱིན་ཏེ། མིའི་ཚེ་སྲོག་མང་པོ་ཤོར་བ། དེ་བཞིན་སྡོད་ཁང་དང་འཚོ་བའི་རྟེན་གཞི་བཅས་པར་ད་བར་འདས་པའི་ལོ་རྒྱུས་ནང་མཐོང་ཐོས་མེད་པའི་གོད་ཆག་བསམ་ཡུལ་ལས་འདས་པ་ཞིག་བྱུང་བ་མ་ཟད། རྡུལ་ཕྲན་གྱི་ནུས་ཤུགས་ལ་བརྟེན་པའི་གློག་ཁང་ ༦ ནས་ ༣ ལ་གོད་ཆག་ཕོག་པའི་ཉེན་ཚབས་དུས་ད་ལྟའང་ཉེན་ཁའི་གནས་སུ་ལུས་ཡོད་པར་ཨ་རི་དང་ཨུ་རུ་སུ། དེ་བཞིན་ཕ་རན་སི་སོགས་ཀྱི་རྡུལ་ཕྲན་ཁྱད་ལས་པ་ཚོས་ས་གནས་ཀྱི་གནས་སྟངས་བབ་ཞུ་དང་། དེ་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གཞུང་དམངས་ལ་གདུང་སེམས་མཉམ་སྐྱེ་མཛད་པ་དང་ཆབས་ཅིག་ཞལ་འདེབས་མཚོན་རྟགས་སུ་(Token Donation)ཉི་ཧོང་གི་ཡུལ་སྒོར་ཡན ༡༠༠༠༠༠༠༠ ཐམ་པ་ཨ་རི་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་༸གོང་ས་མཆོག་གི་ཐེབས་རྩ་(The Dalai Lama Trust, New York)ནས་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ་དངུལ་ཁང་ཌབ་འཛིན་(Bank Draft)གསོལ་རས་སྩལ་བ་དེ་དོན་ཁང་ནས་ཊོཀ་ཁྱོ་དབུས་རྒྱ་གྲམ་དམར་པོའི་ལས་ཁུངས་སུ་ངོ་བཅར་གྱིས་དེ་གའི་འབྲེལ་ཡོད་ལས་བྱེད་ལ་ཕུལ་འདུག ཉི་ཧོང་དུ་གནས་སྡོད་བོད་མི་ཚོས་ཀྱང་བློས་བཅད་ཞལ་འདེབས་ཉི་སྒོར་ ༤༡༢༠༠༠ དང་དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས་ཉི་ཧོང་དོན་གཅོད་བརྒྱུད་ཞལ་འདེབས་ཉི་སྒོར་ ༢༢༩༤༡༡ གནང་ཡོད་པ་རེད།
ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་ལོར་ཁ་ན་ཛ་ཝ་གྲོང་ཁྱེར་ནང་ཤེས་རབ་སྙིང་པོའི་སྐོར་ལ་ཆོས་འབྲེལ་ཐུན་གཅིག་སྩལ་བའི་ནང་དོན་རྣམས་ཉི་ཧོང་དོན་ཁང་ནས་ཉི་ཧོང་གི་སྐད་ཡིག་ཐོག་འོད་སྡེར་ཚད་ལྡན་བཟོས་ཏེ་ཚོང་འགྲེམས་ས་ཡོམ་རྐྱེན་ངན་མ་བྱུང་གོང་འོད་སྡེ་(DVD)༢༠༠༠ གྲ་སྒྲིག་བཏང་འབྱོར་ཟིན་པ་དེ་ལྟར་ཡང་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་འབྱུང་བའི་རྐྱེན་ངན་བྱུང་མ་ཐག་༸གོང་ས་མཆོག་གི་དགོངས་གཞི་ལྟར་མཐུན་པའི་ལས་གཞིར་དོན་ཁང་ནས་ཀྱང་ས་གནས་སུ་སྨོན་ལམ་གསོག་བསྒྲུབས་དང་། ཊོཀ་ཁྱོའི་གྲོང་ཁྱེར་དང་། ཡོ་ཀོ་ཧ་མ་གྲོང་ཁྱེར་གཉིས་སུ་ནང་པའི་དགོན་པ་གྲངས་ ༢༠༠༠ ལྷག་ཡོད་པ་ཚོས་ཀྱང་ཤེས་རབ་སྙིང་པོ་འདོན་སྐུལ་ཞུས་པ་དང་སྦྲགས་གོང་གསལ་འོད་སྡེར་རེ་རིན་མེད་ཐོག་འགྲེམས་སྤེལ་གནང་བར་ཉི་ཧོང་གི་དགེ་འདུན་པ་དང་མི་མང་གིས་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །
ཉི་ཧོང་དུ་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ཞལ་འདེབས་གནང་བ།
གསར་གནས།
འབྲེལ་གནས།