ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །འདི་གར་ཨོ་ཌི་ས་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་ནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༤ ནས་ ༡༠ ཉིན་གྲངས་བདུན་རིང་ཨོ་ཌི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༤ ཉིན་ས་གནས་སུ་ཕེབས་སྐབས་ས་གནས་འགོ་འཛིན་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ཕྱི་ཚེས་ ༧ རེས་གཟའ་ཕུར་བུའི་ཉིན་གཞིས་དགོན་སྡ་འགྱུར་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་ལག་ཤེས་ལས་བསྐྲུན་པས་རྡོ་སྐུ་ཨོ་རྒྱན་མ་ཧ་གུ་རུ་མཐོང་གྲོལ་རིན་པོ་ཆེ་ལེགས་པར་གྲུབ་པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་འདུག གོང་ཚེས་དབུ་འབྱེད་མཛད་སྒོའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་སྐྱབས་རྗེ་གཏེར་ཆེན་ནམ་མཁའ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་དགྱེས་སྤྲུལ་འཇིགས་མེད་ནོར་བུ་རིན་པོ་ཆེ་མཆོག ཨོ་ཌི་ས་མངའ་སྡེའི་བློན་ཆེན་སྐུ་ཞབས་ Shri. Naveen Patnaik མཆོག བླ་སྤྲུལ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དེ་བཞིན་ས་གནས་འགོ་འཛིན་དང་མང་ཚོགས་བཅས་ཕེབས་འདུག
སྐབས་དེར་ཨོ་ཌི་ས་མངའ་སྡེའི་བློན་ཆེན་མཆོག་གིས་པདྨ་ཚོའི་སྟེང་གྱི་གུ་རུའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་དབུ་འབྱེད་གནང་བ་དང་། ནང་སྲིད་བཀའ་བློན་མཆོག་གིས་མངའ་སྡེའི་བློན་ཆེན་མཆོག་ལ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཆོན་རྟགས་ཆོས་ཀྱི་འཁོར་ལོ་ཞིག་ཕུལ་གྲུབ་བསྟུན་མང་ཚོགས་ལ་གསུང་བཤད་གནང་།
ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྐྱབས་རྗེ་གཏེར་ཆེན་ནམ་མཁའི་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་། སྐབས་དེར་ས་གནས་གཞིས་གྲོང་དང་སློབ་གྲྭ་ཁག་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་འདུག
ཕྱི་ཚེས་ ༨ རེས་གཟའ་པ་སངས་ཉིན་གཞིས་ཆགས་བསྐོར་སྐྱོད་དུ་ཕེབས་བསྟུན། དེ་སྔོན་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ ཉིན་དྲག་ཆར་རླུང་ཚུབ་ཚབས་ཆེ་བརྒྱབ་པའི་རྐྱེན་གྱིས་སོ་ནམ་ཐོན་སྐྱེད་ལ་གནོད་སྐྱོན་ཚབས་ཆེ་བྱུང་བར་ངལ་སེལ་གུན་སྐྱོབས་ལས་གཞི་དང་འབྲེལ་ས་འགོ་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་གི་རོགས་རམ་མཐུན་འགྱུར་གནང་བ་རྣམས་གློག་སྟོན་བརྙན་རིས་ Power Point (PPT) བརྒྱུད་གསལ་བཤད་གནང་ཡོད།
ཕྱི་ཚེས་ ༩ རེས་གཟའ་སྤེན་པའི་སྔ་དྲོར་ནང་སྲིད་བཀའ་བློན་མཆོག་ས་གནས་གཞིས་གྲོང་ལྔ་པ་དང་། ཨོ་རྒྱན་ཐེག་མཆོག་གླིང་གི་དགོན་པ། ལ་རྒྱབ། མཉམ་འབྲེལ་ཚོང་ཁང་། མཉམ་འབྲེལ་ཆུ་བཟོ་ཁང་བཅས་ལ་གཟིགས་སྐོར་གནང་གྲུབ་མཚམས་མང་ཚོགས་དང་ལྷན་དུ་ཚོགས་འདུའི་ཐོག་མཉམ་ཞུགས་གནང་ཡོད། ཕྱི་ཚེས་ ༡༠ ཉིན་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས། །