༢༠༡༩ ཟླ་ ༢ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༡ ཉིན་རྒྱ་གར་གསར་ཁང་ནེའུ་སུ་ཨེ་ཏྲིན་ (News18) གྱི་རྩོམ་སྒྲིག་པ་མུ་ཀེཤ་ར་ཇ་པུཏ་(Mukesh Rajpoot) ལགས་དང་ཁོང་གི་ནང་མི་དེ་བཞིན་ལས་བྱེད་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྩོམ་སྒྲིག་པ་མུ་ཀེཤ་ར་ཇ་པུཏ་(Mukesh Rajpoot) ལགས་དང་ཁོང་གི་ནང་མི། དེ་བཞིན་ལས་བྱེད་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་མཇལ་འཕྲད་གནང་བ་དང་། ཐོག་མར་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་གནང་།
དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གྲོས་ཚོགས་ཚོགས་དུས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དེ་བཞིན་ད་ལྟའི་བོད་ནང་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་མི་རྣམས་མི་བཟོད་པར་རང་ལུས་མེར་བསྲེགས་གནང་བཞིན་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་གནང་པ་མ་ཟད་ཚོགས་གཞོན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་ཕྱི་རྒྱལ་རྒྱབ་སྐྱོར་ལ་བརྟེན་ནས་བཙན་འབྱོལ་བོད་མིའི་སྤྱི་ཚོགས་གསར་འཛུགས་གནང་བ་དང་ཚགས་ཚུད་ཡོད་སྐོར། དེ་བཞིན་བོད་པའི་ལོ་གསར་གྱི་གལ་གནད་དང་སྲུང་བརྩི་བྱེད་ལུགས་སོགས་ཞིབ་འགྲེལ་གནང་།
གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་གསུང་དོན། འདས་པའི་ལོ་ངོ་དྲུག་ཅུའི་ནང་བཙན་འབྱོལ་ནང་ཡོད་པའི་བོད་མི་དང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་བོད་དོན་ཞུ་སྐུལ་ཆེད་རྒྱལ་ཁབ་མང་པོར་ཕེབས་བསྐྱོད་གནང་པ་དང་ཕྱི་ནང་གི་གསར་འགོད་པ་དང་མཁས་དབང་ཁག དེ་བཞིན་དཔོན་རིགས་དང་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ་བཅས་དང་མཇལ་འཕྲད་གནང་གིས་ཡོད་པས་དེ་རིང་རྩོམ་སྒྲིག་པ་མཆོག་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་བོད་དོན་སྐོར་ཕན་འབྲས་ཡོང་བའི་རེ་བ་ཡོད་སྐོར་གསུངས་པའི་ལྷན་མ་འོངས་པར་མེའུ་སུ་ཨེ་ཏྲིན་གྱི་གསར་འགྱུར་ནང་བོད་དོན་སྐོར་གང་མང་དྲིལ་བསྒྲགས་དང་བགྲོ་གླེང་གནང་རོགས་ཞུས་པར་ཁོང་གིས་གང་ཐུབ་ཅི་ཐུབ་ཞུ་རྒྱུའི་ཞལ་བཞེས་གནང་ཡོད་འདུག
རྩོམ་སྒྲིག་པ་ཁོང་ལ་ལོ་ངོ་ ༡༡ ཙམ་གྱི་གསར་འགོད་པའི་ཉམས་མྱོང་ཡོད་པ་དང་། sara samey དང་voice of India སོགས་པའི་གསར་ཁང་ནང་ཕྱག་ལས་གནང་མྱོང་ཡོད་པ་དང་། ད་ལྟའི་ཆར་ཁོང་ཉེའུ་ཨེ་ཏྲིན་གྱི་རྩོམ་སྒྲིག་པ་ཡིན་པ་མ་ཟད་ལོ་རྒྱུས་དང་ཆབ་སྲིད། རིག་གཞུང་དང་སྤྱི་ཚོགས་གནད་དོན་སྐོར་མཁྱེན་རྒྱ་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག
མཐའ་མ་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྩོམ་སྒྲིག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དྲན་རྟེན་ཕྱག་རྟགས་ཕུལ་བ་བཅས་ཀྱི་གནས་ཚུལ་དུ།