ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་ཨཱ་ཅཱརྱ་དེབ་བྲད་ Acharya Devvrat མཆོག་ནས་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༤ ཉིན་སིམ་ལ་སྤྱི་ཁྱབ་པའི་མཚན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་ཡིག་ཐོག་གནང་བ་དང་བསྟུན། ཕྱི་ཚེས་ ༥ སྟེ་ལོ་གསར་ཚེས་པ་ ༡ ཉིན་གོང་རིམ་མངའ་སྡེའི་འབྲེལ་ཡོད་ལས་ཁུངས་ཀྱིས་བཀའ་འབྲེལ་ལྟར་སྤྱི་ཁྱབ་པ་བསྟན་འཛིན་ནོར་བུ་ལགས་ཀྱིས་མངའ་སྡེའི་སྲིད་སྐྱོང་གི་ལས་ཁུངས་ Raj Bhawan སུ་བཅར་འདུག སྐབས་དེར་ཁུལ་དེར་རྟེན་གཞི་བྱས་པའི་དགོན་སྡེ་ཁག་གཉིས་ཀྱི་སྐུ་ཚབ་གསུམ་སྲིད་སྐྱོང་ལས་ཁུངས་སུ་ལྷན་བཅར་ཞུས་འདུག
ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཐུན་མིན་གནམ་ལོ་གསར་བཞད་དགའ་སྟོན་རྟེན་འབྲེལ་ཉིན་བོད་མི་ཡོངས་ལ་འཚམས་འདྲི་གནང་བ་དང་སྦྲགས། འཛམ་གླིང་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་ཀྱི་འཚོ་བས་ཁྱབ་ཅིང་། ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་རེ་སྨོན་གནང་འདུག དེ་བཞིན་འཕགས་བོད་གཉིས་དབར་ལོ་རྒྱུས་ཐོག་ཆོས་རིག་གི་འབྲེལ་བ་ཐུན་མིན་ཞིག་ཡོད་པ་དེ་དག་མཐུད་རྒྱུན་སྐྱོང་ཐུབ་པ་དང་། མི་རིགས་གཉིས་པོ་ཕན་ཚུན་མཛའ་བརྩེའི་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་ཐོག་འཛམ་གླིང་ནང་བྱམས་སྙིང་བརྩེའི་བསླབ་བྱ་གོང་ནས་གོང་དུ་སྤེལ་ཐུབ་པའི་རེ་བ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེས་ལྷན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་ཆེ་གནང་འདུག
སྐབས་དེར་སིམ་ལ་སྤྱི་ཁྱབ་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ལོ་གསར་གྱི་འཚམས་འདྲི་མཚོན་ཆེད་བོད་ལུགས་ཀྱི་ཞལ་ཟས་དང་ཕྱག་རྟགས་སོགས་ཕུལ་འདུག ཕྱི་ཉིན་གསར་ཤོག་ནང་སྲིད་སྐྱོང་མཆོག་གིས་བོད་མིར་ལོ་གསར་འཚམས་འདྲི་གནང་བའི་སྐོར་གྱི་གནས་ཚུལ་དྲིལ་བསྒྲགས་རྒྱ་ཆེ་བྱུང་འདུག་པ་བཅས། །