༢༠༡༩ ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་༢༠༡༩ ཟླ་ ༡ ཚེས་ ༣༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣:༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལིའི་ལོ་དི་གཞུང་ལམ་ཉེ་འཁྲིས་སུ་ཆགས་པའི་དུར་ཁྲོད་དུ་རྒྱ་གར་དབུས་གཞུང་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་ George Mathew Fernandes དམ་པའི་སྐུ་ཕུང་ཞུགས་འབུལ་གནང་འདུག སྐབས་དེར་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་སྐུ་ཞབས་རཱཇ་ནཱཐ་སིངྒ་ Rajnath Singh མཆོག་གིས་དབུས་པའི་བློན་ཆེན་འགའ་ཤས་དང་། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་ Manmohan Singh མཆོག སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ཨེལ་ཀེ་ཨཌཝཱ་ནི་ L K Advani མཆོག བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་ Nitish Kumar མཆོག སྐུ་ཞབས་ཤ་རད་ཡཱ་ཌབ་ Sharad Yadav མཆོག དེ་བཞིན་མ་ཧཱ་རཱཤཀྲ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Sharad Pawar མཆོག་ཕེབས་པ་མ་ཟད།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་ཏུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དེ་བཞིན་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་དང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་དང་ལས་བྱེད། ས་གནས་འགོ་འཛིན་དང་བརྒྱ་འཐུས་སོགས་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་བཅས་མང་ཚོགས་བརྒྱ་ཕྲག་ཁ་ཤས་བཅར་ཡོད་འདུག
བོད་མི་དང་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་དང་མང་ཚོགས་ནས་སྐབས་དེར་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ལ་མེ་ཏོག་དང་མཇལ་དར་བསྒྲོན་ནས་མྱ་ངན་གུས་འདུད་དང་སྦྲགས། བོད་མི་དང་བོད་དོན་ཐོག་སྐུ་ཚེ་ཧྲིལ་པོའི་རིང་རྒྱབ་སྐྱོར་ཤུགས་ཆེ་གནང་བ་སོགས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། ཧིན་སྐད་ཐོག་དམ་པ་དེ་ཉིད་རྒྱལ་གྱུར་ཅིག ཅེས་སེམས་ཚོར་ཆེན་པོས་འབོད་སྒྲ་ཆེ་ཆེར་བསྒྲགས།
དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཕྱག་གཉིས་ཐལ་མོ་སྦྱར་ནས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ལ་མཇལ་དར་བསྒྲོན་བཞིན་དུ་སྨོན་ལམ་གསོལ་འདེབས་དང་། ཤུལ་ལུས་ནང་མི་ལྟོས་བཅས་ལ་བོད་དང་བོད་མིའི་ཚབ་ཞུས་ཏེ་སེམས་གསོ་ཞུས་པ་མ་ཟད། གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་སྐུ་གཤེགས་དམ་པ་ཁོང་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། སྤྱི་ཚོགས་ཀྱི་བདེ་དོན་སོགས་ལ་འགན་ཁུར་ཆེ་བཞེས་གནང་མཁན་གྱི་དབུ་ཁྲིད་ཅིག་ཡིན་པ་དང་།
ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཧ་ཅང་ཉེ་ཞིང་བོད་དང་བོད་མིར་སེམས་ཐག་ཧ་ཅང་ཉེ་བའི་གྲོགས་པོ་བློས་ཐུབ་ཅིག་ཡིན་པར་བརྟེན། དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པ་ནི་བོད་མི་དང་རྒྱ་གར་ཙམ་མ་ཟད། འཛམ་གླིང་སྤྱི་ལའང་གྱོང་གུན་ཆེན་པོ་ཞིག་ཡིན་པ་དང་། ང་ཚོ་ཚང་མས་དམ་པ་ཁོང་གི་དགོངས་གཞི་དེ་དག་བསྒྲུབ་དགོས་པ་གལ་ཆེ་ཡིན་པ་སོགས་ལན་འདེབས་གནང་སྟེ་བཀའ་ཤག་དང་བོད་མིའི་སྐུ་ཚབ་ངོ་བོའི་ཐོག་ནས་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུ་ཆེད་བཅར་ཡོད་སྐོར་ལན་འདེབས་གནང་འདུག
ཐེངས་འདིར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་མཆོག་དགོངས་རྫོགས་མྱ་ངན་གུས་འདུད་ཆེད་ལྡི་ལི་མན་ཇུ་ཊི་ལ་བསམ་ཡས་གླིང་ཟ་ཁང་དང་། ཚོང་ཁང་། མགྲོན་ཁང་ཡོངས་རྫོགས་སྒོ་བརྒྱབ་འདུག སང་ཉིན་ཕྱི་ཟླ་ ༢ ཚེས་ ༡ ཉིན་དམ་པ་དེ་ཉིད་ཀྱི་སྤུར་ཐལ་དེ་དག་དམ་པ་ཁོང་གི་ཆོས་ལུགས་(ཡེ་ཤུ་)ཀྱི་ལམ་སྲོལ་ལྟར་པུར་སྒམ་ནང་བཅུག་ནས་ས་འོག་ཏུ་བཞུགས་གསོལ་གནང་རྒྱུ་ཡིན་པ་བཅས།