ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༣ རེས་གཟའ་ལྷག་པ་ཉིན་ཡུ་རོབ་གྲོས་ཚོགས་སུ་སྐུ་ཞབས་བཱས་སྦེལ་གྲར་ Bas Belder མཆོག་དང་། སྐུ་ཞབས་ཀི་རིས་ཀྲིའན་དྷན་སྤ་ར་དྷར་ Christian Dan Preda མཆོག སྐུ་ཞབས་ཇོ་སབ་Josef Weidenholzer མཆོག་བཅས་ནས་རྒྱ་ནག་ནང་ཆོས་དད་རང་དབང་དང་འབྲེལ་བའི་ཚོགས་འདུར་ཆེད་ཕེབས་གནང་ཡོད།
དེ་ཡང་ཁོང་རྣམ་པས་ཡུ་རོབ་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་སྐོར་བསམ་ཚུལ་ཤུགས་ཆེ་བཏོན་ཡོད། སྐབས་དེར་གྲོས་ཚོགས་འཐུས་མི་དང་། གཞུང་ཚབ་པ། གཞུང་འབྲེལ་མིན་པའི་ཚོགས་པ། གསར་འགོད་པ། མང་ཚོགས་བཅས་ཕེབས་ཡོད། ཕྱོགས་མཚུངས་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དང་ཡུ་རོབ་འབྲེལ་མཐུད་པ་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་ཀྱང་མཉམ་ཞུགས་གནང་ཡོད།
ཚོགས་འདུ་དབུ་འཛུགས་སྐབས་སྐུ་ཞབས་སྤ་ར་དྷར་མཆོག་གིས་ཚོགས་འདུའི་བརྗོད་གཞི་ཁག་ངོ་སྤྲོད་གནང་སྐབས་གནད་དོན་གལ་ཆེ་གཉིས་ཡོད་གསུངས་ཏེ། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་མ་ཟད། སྔ་ལོར་བླ་རུང་སྒར་གཏོར་གཤིག་དང་འབྲེལ་བའི་ཡུ་རོབ་གྲོས་ཚོགས་ནས་ཛ་དྲག་གྲོས་ཚོད་བཞག་པ་དྲན་གསོ་གནང་བ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་ཡོད།
དེ་རྗེས་རིམ་བཞིན་རྒྱ་ནག་ནང་ཆོས་དད་རང་དབང་སྐོར་གསུང་བཤད་གནང་རྗེས་སྐུ་ཞབས་ཀུ་ཛཀྲ་ཨལ་ཀྲེ་མཆོག་གིས་དེང་སྐབས་ཤར་ཏུར་ཀིས་ཏན་ནང་ཡུ་གུར་མི་རིགས་བཙོན་འཇུག་བྱེད་བཞིན་པ་དང་། ནང་མི་མནར་གཅོད་ལས་སྐྱོབས་ཐབས་སུ་ཡུ་གུར་བེུད་རྣམས་རྒྱ་རིགས་དང་ལྷན་གཉེན་སྒྲིག་བྱེད་བཞིན་པ་སོགས་ཀྱི་ཐབས་སྐྱོའི་གནས་ཚུལ་གླེང་སློང་གནང་།
ཚོགས་འདུའི་དྲི་བ་དྲིས་ལན་སྐབས་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་གོང་དུ་གསུང་བཤད་གནང་མཁན་རྣམས་ཀྱི་ཉམས་མྱོང་གསུངས་གནང་བར་གདུང་སེམས་མཉམ་སྐྱེ་ཡོད་གསུངས་གནང་བ་དང་། ཁོང་རྣམ་པས་གསུངས་གནང་བའི་གནས་ཚུལ་དེ་དག་བོད་མི་རྣམས་ནས་ལོ་ ༦༠ རིང་མྱོང་ཡོད་བཅས་དང་། ད་ཆ་བོད་ནི་འཛམ་གླིང་ནང་སི་རི་ཡ་རྗེས་རང་དབང་མེད་པའི་རྒྱལ་ཁབ་གཉིས་པ་དང་། བྱང་ཀོ་རི་ཡ་ལས་འགྲུལ་བཞུད་དཀའ་བའི་རྒྱལ་ཁབ་ཡིན་པ་དང་། དེ་བཞིན་བོད་མི་རྣམས་ནས་རྒྱུན་དུ་བཤད་སྲོལ་དུ་ཕྱི་བསྐྱོད་ལག་འཁྱེར་རག་རྒྱུ་ནི་ལྷ་ཡུལ་འགྲོ་རྒྱུ་ལས་དཀའ་བ་ཡོད་པ་བཅས་བོད་ཀྱི་ཛ་དྲག་གནས་ཚུལ་འགྲེལ་བརྗོད་གནང་།
ཡུ་རོབ་མཐུན་ཚོགས་ནས་དེང་སྐབས་རྒྱ་ནག་གིས་བྱེད་ཐབས་ལ་གདོང་ལེན་ཚད་ལྡན་གནང་མ་ཐུབ་ན། རྒྱལ་སྤྱིིའི་ནང་རང་དབང་ཅན་གྱི་ཁོར་ཡུག་རིམ་བཞིན་མེད་པར་གྱུར་ནས་མ་འོངས་པར་གནད་དོན་ཆ་ཚང་རྒྱ་ནག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཞིག་ཏུ་འགྱུར་ཉེན་ཡོད་བཅས་གསུངས། །