ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༦ ཉིན་པོ་ལེན་ཌིའི་རྒྱལ་ས་ཝར་སོར་ Warsaw ཕེབས་འབྱོར་སྐབས་པོ་ལེན་ཌིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།
དེ་ཡང་སྐུ་ཚབ་དོན་གཅོད་བསོད་ནསམ་ཚེ་རིང་ཕར་སི་ལགས་ཀྱིས་པོ་ལེན་ཌིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ཆུང་མོ་ནི་ཀ་ Ms Monika Wielichowska མཆོག་དང་ཐུག་འཕྲད་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གིས་དེང་དུས་འཕྲུལ་ཆས་བརྒྱུད་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་གི་རང་དབང་དང་། སྨྲ་བརྗོད་ཀྱི་རང་དབང་། ཆོས་དད་རང་དབང་སོགས་ཀྱི་ཐོག་དམ་དྲག་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་སྐོར་ཞིབ་ཕྲ་ཞུས་ཡོད་པ་མ་ཟད། འབྱུང་འགྱུར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ ༦༠ ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གལ་གནད་སྐོར་ཞུས་ཡོད།
དེ་རྗེས་ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་ཝར་སོ་འཕྲུལ་ལས་རིག་པ་དང་ཉམས་ཞིབ་སློབ་གཉེར་ཁང་གི་ངེས་སྟོན་པ་ཊོ་མ་ཛི་ Tomasz Szczygielski Institute for Applied Research, Warsaw University of Technology Ltd ལགས་དང་ལྷན་ཐུག་འཕྲད་གནང་སྟེ་བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་གླེང་སློང་ཞིབ་གསལ་གནང་ཡོད།
དེ་བཞིན་ཧེལ་སེང་ཀི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་ Helsinki foundation དུ་ཕེབས་ཏེ་སྐུ་ཞབས་ཨེ་ཌམ་ Adam Koziel ལགས་དང་ཐུག་འཕྲད་ཀྱིས་པོ་ལེན་ཌིའི་བོད་དོན་རྒྱབ་སྐྱོར་གྱི་གནས་སྟངས་སྐོར་གླེང་སློང་ཞིབ་ཕྲ་གནང་ཡོད། ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་པོ་ལེན་ཌིའི་རྒྱལ་ས་ཝར་སོ་ནང་ཕེབས་དགོས་དོན་གཙོ་བོ་ནི། ཁུལ་དེར་རྟེན་གཞི་བྱས་པའི་འདས་པོ་དམ་པ་སྨན་པ་བསྟན་འཛིན་བྱང་ཆུབ་ཀྱི་བོད་ཀྱི་སྲོལ་རྒྱུན་སྨན་རྩིས་ཁང་གི་འགན་འཛིན་དང་སྨན་པ་སོགས་ལ་ཐུག་འཕྲད་ཀྱི་ཆེད་དུ་ཕེབས་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་དང་ལྷན་པོ་ལེན་ཌིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དཔལ་སྒྲོན་ལགས་ལྷན་བཅར་གནང་ཡོད་པ་བཅས། །