༢༠༡༩ ཟླ་ ༡ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །རྒྱ་ནག་གཞུང་གིས་ལྐོག་བཟའ་རུལ་སུངས་འགོག་རྒོལ་བྱ་རྒྱུར་སྙད་དེ་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
དེ་ཡང་ལྟ་ཞིབ་ཚོགས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་དུ། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སུ་ལྐོག་བཟའ་རུལ་སུངས་འགོག་རྒོལ་ཆེད་གཞི་རྒྱ་ཆེ་བའི་ལས་གཞི་ཟེར་བ་སྤེལ་སྐབས། ལས་གཞི་དེར་ཁག་དཀྲི་ནས་བོད་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་མོས་ཞུ་མཁན་བོད་མི་ཚོར་མཐའ་གཅིག་ཏུ་རྒོལ་ལན་བྱེད་དགོས་པ་གཞུང་གི་ལས་བྱེད་པ་ཚོར་བཀོད་ཁྱབ་བཏང་ཡོད། ཕྱོགས་མཚུངས་རྡོ་གཅིག་གིས་བྱིའུ་གཉིས་བསད་ཟེར་བའི་དཔེ་ལྟར། ལྐོག་བཟའ་རུལ་སུངས་འགོག་རྒོལ་ལས་གཞི་དེའི་འོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་ཚོའང་འཛིན་བཟུང་བྱས་པའི་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད།
བོད་ནང་དུ་མཚོན་ན་བོད་བརྒྱུད་ནང་བསྟན་གྱི་དགོན་པ་གྲྭ་ཚང་སོགས་སུ་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་པ་མ་ཟད། སློབ་གྲྭ་དང་མང་ཚོགས་འདུ་སྡོད་བྱེད་ས་སོགས་སུའང་སློབ་གསོའི་ལས་འགུལ་དེ་མཚུངས་རུ་ངར་ལྡན་པའི་ཐོག་ནས་སྤེལ་བཞིན་ཡོད། བྱ་སྤྱོད་དེ་དག་གི་དམིགས་ཡུལ་ནི་”ཏང་ལ་དགའ་ཞེན་” འཕེལ་བ་དང་། “ཏཱ་ལའི་རུ་ཚོགས་”དད་ཞེན་ཉམས་དམས་སུ་གཏོང་རྒྱུ་ཁོ་ནའི་ཆེད་དུ་ཡིན་པ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་འཁོད་འདུག
བོད་མིའི་ཆོས་དད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་གཅིག་བསྡུས་དབང་ཤུགས་ལ་ཉེན་ཚབས་བཟོ་རྒྱུ་ཡིན་པར་དོགས་ཟོན་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་སུ་གྲྭ་ཤག་གཏོར་བཤིག་བཏང་བ་མ་ཟད། དགེ་བཙུན་སྟོང་ཕྲག་མང་པོ་དགོན་པ་ནས་ཕྱིར་འབུད་བཏང་བ། ཕ་ཡུལ་དུ་འབྱོར་ཟིན་པའི་དགེ་བཙུན་རྣམས་ལ་རྒྱ་ནག་གཞུང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་འདུལ་བའི་དགོངས་པ་དང་གཏན་ནས་མི་མཐུན་པའི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་གླུ་བླངས་བཅུག་པ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་བོད་མིའི་ཆོས་དད་ལ་དམའ་འབེབས་དང་མཐོང་ཆུང་ཁྱད་གསོད་ཚབས་ཆེ་བྱས་དང་བྱེད་མུས་རེད། ཨ་རི་དང་ཡུ་རོབ་སོགས་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་མང་པོས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྲིད་བྱུས་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད།
དེ་ཡང་ད་ཐེངས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལོ་འཁོར་སྙན་ཐོའི་ནང་གསལ་ལྟར་ན། ཉེ་ལམ་ཕྱི་ལོ་ ༢༠༡༧ ཟླ་ ༡ ནང་བོད་ནས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཆེད་མངགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཞུ་རྒྱུ་དང་གནས་མཇལ་ཆེད་བསྐྱོད་པའི་བོད་མི་རྣམས་ལ་དུས་ཚོད་རྒྱས་བཅད་ནང་ཚུད་ལ་བོད་དུ་འཕྲལ་མར་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་བ་མ་ཟད། ཅི་སྟེ་བོད་མི་དེ་དག་དུས་ཚོད་རྒྱས་བཅད་ནང་ཚུད་ནང་བོད་དུ་ཕྱིར་ལོག་མ་བྱས་ཚེ། བོད་ནང་ཡོད་པའི་སྤུན་ཉེ་དང་ཕ་མ་བུ་ཕྲུག་སོགས་ལ་དམ་བསྒྲགས་བྱ་རྒྱུ་ཡིན་སྐོར་བཤད་ཡོད། དཔེར་ན། ཕྲུ་གུ་སློབ་གྲྭ་ནས་ཕྱིར་འབུད་གཏོང་རྒྱུ་དང་། གཞུང་གི་ལས་བྱེད་ཡིན་ན་ལས་ཀ་ནས་གནས་དབྱུང་གཏོང་རྒྱུ་སོགས་ཉེས་ཆད་གཅོད་རྒྱུའི་ཉེན་བརྡ་སྣ་ཚོགས་བཏང་ཡོད། དེ་རྗེས་བོད་མི་དེ་དག་བོད་དུ་ཕྱིར་ལོག་རྗེས་རྒྱ་ནག་གཞུང་གིས་འཕྲལ་མར་བོད་མི་དེ་དག་གི་ལག་འཁྱེར་བཙན་འཕྲོག་བྱས་པ་འཁོད་ཡོད།
དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གསུང་དོན། “བོད་ནང་གི་བོད་མིར་མཚོན་ན་རང་གི་རྩ་བའི་བླ་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཐོབ་ཟེར་བ་ནི་མི་ཚེའི་ནང་གི་རྨི་ལམ་ལྟ་བུ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། “ཅེས་གསུངས།
འདི་ལོའི་ཕྱི་ཟླ་ ༡ ནང་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་ཞུ་བར་བོད་ནས་བོད་མི་བརྒྱ་ཙམ་ལས་བཅར་ཐུབ་མེད་པ་དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་བོད་མིའི་ཕྱིར་བསྐྱོད་ལག་འཁྱེར་ལ་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན་ནས་ཡིན་པ་གསལ་པོ་རེད།
ཕྱི་ལོ་ ༢༠༡༨ ཟླ་ ༨ ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣ་ཐུན་མོང་ཐོག་སྤེལ་བའི་བསྒྲགས་གཏམ་ནང་གསལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཕྱིར་བསྐྱོད་ལག་འཁྱེར་བཙན་འཕྲོག་བྱས་པ་མ་ཟད། བོད་མི་ཚོར་ཕྱིར་བསྐྱོད་ལག་འཁྱེར་རང་འཇགས་ཕྱིར་སློག་མ་བྱས་པའི་གནད་དོན་དེ་དག་ནི་སེམས་འཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་བསྒྲགས། ཕྱོགས་མཚུངས་བསྒྲགས་གཏམ་དེའི་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཕྱིར་བསྐྱོད་ལག་འཁྱེར་གྱི་གནད་དོན་ལ་ཁག་དཀྲི་ནས་བོད་མི་གང་བྱུང་འདྲི་རྩད་དང་སྔོག་གཤེར་བྱས་པ་མ་ཟད། གང་བྱུང་འཛིན་བཟུང་དོ་དམ་བྱས་པ་སོགས་ལ་སེམས་འཚབ་ཆེན་པོ་ཡོད་པ་འཁོད་ཡོད།
ཐེངས་འདིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལོ་འཁོར་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་སེམས་འཚབ་ཡོད་པའི་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་གནད་དོན། དཔེར་ན་བོད་ནང་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་མ་ཟད། བོད་མིའི་ས་ཞིང་བཙན་འཕྲོག་བྱས་པའི་གནད་དོན་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག །
སུད་སི་དོན་ཁང་ནས་སྤེལ་བ་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས།