༢༠༡༩ ཟླ་ ༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དང་གྷོ་བ་མཐོ་སློབ་ Goa University གཉིས་དབར་ཤེས་ཡོན་བརྗེ་ལེན་ཆེད་ལོ་གསུམ་རིང་གཉིས་མོས་གན་རྒྱ་བཞག་འདུག
དེ་ཡང་གན་རྒྱའི་ནང་གསལ་བ་ལྟར་ན། མཐོ་སློབ་གཉིས་དབར་སློབ་དགེ་དང་ཉམས་ཞིབ་པ། སློབ་ཕྲུག་ཕན་ཚུན་གཏོང་རེས་གནང་རྒྱུ་དང་། ཟུང་འབྲེལ་ཐོག་ནས་ཉམས་ཞིབ་ལས་རིགས་སྤེལ་རྒྱུ། མཐོ་སློབ་སོ་སོར་ཚོགས་འདུ་དང་བགྲོ་གླེང་ལྷན་ཚོགས། དེ་བཞིན་ཤེས་ཡོན་དང་འབྲེལ་བའི་ལྷན་ཚོགས་སྐབས་དགེ་ལས་སློབ་ཕྲུག་མཉམ་ཞུགས་གནང་རྒྱུ། ཤེས་ཡོན་ཆེད་ཉེ་བར་མཁོ་བའི་དངོས་ཆས་སོགས་བརྗེ་ལེན། མཐོ་སློབ་གཉིས་ནང་དུས་ཐུང་ཤེས་ཡོན་བརྗེ་ལེན་གྱི་ལས་འགུལ་སྤེལ་རེས་བྱ་རྒྱུ། འཛིན་སྐྱོང་གི་ལམ་ལུགས་ཐད་ཉམས་མྱོང་བརྗེ་ལེན། རིག་གཞུང་བརྗེ་ལེན་བྱ་རྒྱུ་བཅས་འཁོད་འདུག
དེ་ཡང་འབྲས་སྤུངས་བློ་གསལ་གླིང་གྲ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་གསུང་དོན། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་གྷོ་བ་མཐོ་སློབ་གཉིས་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཞིག་འགོ་བཙུགས་ཡོད་རེད། ལས་གཞི་འདི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༧ ནང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་དང་གྷོ་བ་གཉིས་ས་ཐག་ཉེ་བོ་ཡོད་སྟབས་འབྲེལ་བ་བྱེད་དགོས་པའི་བཀའ་སློབ་སྩལ་ཡོད།
ཕྱི་ཟླ་ ༨ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་མ་གནང་གོང་བཀའ་སློབ་གཞིར་བཟུང་གྷོ་བ་ས་གནས་སུ་བཅར་ནས་གྷོ་བ་མཐོ་རིམ་སློབ་གྲྭ་དང་ང་ཚོའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ཞིག་སྒྲིག་ནས་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་སྒོ་འབྱེད་གནང་སྟེ་ཤེས་ཡོན་དང་རིག་གཞུང་བརྗེ་ལེན་དང་། དེ་བཞིན་འདི་ག་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་འཆམ་འཁྲབ་སྟོན་དང་། ཁོང་ཚོས་ཀྱང་གྷོ་བའི་རིག་གཞུང་འཁྲབ་སྟོན་གནང་བ་རེད། བློ་གསལ་གླིང་གྲྭ་ཚང་གི་མཁན་པོའི་མིང་ཐོག་ནས་ངས་གཏམ་བཤད་དང་གྷོ་བ་མཐོ་སློབ་ནས་སློབ་དཔོན་གྷཎེཤ་ Ganesh ལགས་ཀྱིས་གཏམ་བཤད་བྱས་པ་རེད།
ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༤ ཉིན་ཤེས་ཡོན་བརྗེ་ལེན་སླད་གན་རྒྱའི་ཐོག་མཚན་རྟགས་བསྐྱོན་པ་རེད། ཤེས་ཡོན་བརྗེ་ལེན་ཟེར་དུས་འཆམ་དང་སེངྒེ་འཁྲབ་རྒྱུའི་སྐད་ཆ་ཙམ་ཞིག་མིན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཁོ་ཚོར་རྩིས་སྤྲོད་རྒྱུའི་དོན་དུ་དྲི་བ་དྲིས་ལན་བྱ་རྒྱུ་དང་། ང་ཚོ་ངོས་ནས་ནང་པའི་གཞུང་ནས་གསུང་པའི་ནང་པའི་ཚན་རིག་དང་ལྟ་གྲུབ། ཆོས་བཅས་གསུམ་ཡོད་པའི་ནང་ནས་ནང་པའི་ལྟ་གྲུབ་དང་སྒོམ་རྒྱག་སྟངས་ཐོག་ནས་བཤད་རྒྱུ། དེ་བཞིན་སེམས་ཁམས་རིག་པའི་ཐོག་ནས་བཤད་སྟངས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལྟར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་བཅས་སློབ་ཚན་དེ་དག་གསུམ་གོ་རིམ་བཞིན་བང་བསྒྲིགས་ཡོད། གྷོ་བ་མཐོ་སློབ་ངོས་ནས་དངོས་ཁམས་དང་རྫས་སྦྱོར་ཚན་རིག་དང་། དེ་བཞིན་ཚན་རིག་ཐོག་ནས་བརྗེ་ལེན་བྱ་རྒྱུ་རེད། ཕྱི་ཟླ་ ༣ ནང་གྷོ་བ་མཐོ་སློབ་ཀྱི་སློབ་ཕྲུག་ ༢༠ དང་དགེ་རྒན་ ༥ ལ་བདུན་ཕྲག་གཉིས་རིང་ཟབ་སྦྱོང་གོ་སྒྲིག་བྱ་རྒྱུ་དང་། ང་ཚོ་ངོས་ནས་གྷོ་བར་བཅར་རྒྱུ་བཅས་དེ་ལྟར་བྱས་པ་རེད།
བློ་གསལ་གླིང་ངོས་ནས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་གསལ་བའི་ཆེད་འགན་ཁུར་ཞུ་བཞིན་ཡོད། གྲྭ་ཚང་བློ་གསལ་གླིང་ནས་ད་རེས་ཤེས་ཡོན་དང་རིག་གཞུང་གི་ཐོག་ནས་ལོ་གསུམ་རིང་ཤེས་ཡོན་བརྗེ་ལེན་སླད་མཚན་རྟགས་བསྐྱོན་པ་རེད། མུ་མཐུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་ཐུབ་སླད་ཤར་བསྐྱོད་བྱ་རྒྱུ་ཡིན། འབྲས་སྤུངས་བློ་གསལ་གླིང་གིས་གནང་བ་ལྟར་གྲྭ་ཚང་གཞན་ཁག་ནས་ཀྱང་གནང་གི་ཡོད་རེད། དགེ་ལུགས་པའི་མཐོ་སློབ་ University ཟེར་ནའང་རེད། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ངོས་ནས་ཀྱང་འདི་ལྟ་བུའི་ལས་འགུལ་མང་པོ་ཞིག་གནང་བཞིན་ཡོད་རེད། དེ་དག་མུ་མཐུད་ཡག་པོ་ཡོང་ཐུབ་པའི་སྨོན་འདུན་དང་འབོད་སྐུལ་ཞུ་གི་ཡོད། ཅེས་གསུངས།
ཕྱོགས་མཚུངས་དེ་སྔ་བྱེས་ཀྱི་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དང་རྒྱ་གར་ལྷོ་ཕྱོགས་ཏུམ་ཀུར་མཐོ་སློབ་ Tumkur University དབར་ཤེས་ཡོན་བརྗེས་ལེན་གྱི་གཉིས་མོས་ཆོད་གན་བཞག་གནང་ཡོད་པ་བཅས། །