༄༅། །འདི་གར་ཨ་རི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༧ ཚེས་ ༦ དགོངས་དྲོ་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་ཨ་རི་བོད་ཀྱི་ཁང་པར། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་གོ་སྒྲིག་ཞུས་ཡོད། སྐབས་དེར་འཇར་མན་གཞུང་ཚབ་དང་། ཕ་རན་སི་གཞུང་ཚབ། ཨི་སི་ཐོ་ནི་ཡ་གཞུང་ཚབ། ཐེ་ཝན་གཞུང་ཚབ་སོགས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་ཁག་གི་དཔོན་རིགས་དང་། དེ་བཞིན་རྒྱ་རིགས་རྩོམ་པ་པོ་དང་ཤེས་ཡོན་ཅན། སློབ་གྲྭའི་དགེ་རྒན་ཆེན་མོ། ཨེན་བི་སི་(NBC)བརྙན་འཕྲིན་གྱི་གཙོ་སྐྱོང་བ་གྲགས་ཅན་ཨན་ཀ་རི། (Ann Curry) ནིའུ་ཡོག་དང་ནིའུ་ཇར་སི་མངའ་ཁུལ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཟུར་པ། གསར་འགོད་པ་སོགས་སྐུ་མགྲོན་བརྒྱ་ལྷག་ཙམ་ཕེབས་ཡོད།ཨ་རི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ལས་འཕར་ཚེ་དབང་ཕུན་ཚོགས་ལགས་ནས་དོན་གཅོད་ཁང་གི་ཚབ་ཞུས་ཏེ་འཚམས་འདྲིའི་གསུང་བཤད་མདོར་བསྡུས་ཤིག་གནང་དོན། སྤྱིར་བོད་མིས་དེ་སྔའི་ལུགས་སྲོལ་ནང་སྐྱེས་སྐར་གཏོང་སྲོལ་མེད་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་སྙིང་སྟོབས་སྤེལ་མཁན་གྱི་དབུ་ཁྲིད་ཅིག་ཡིན་སྟབས་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་ཚང་མར་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད་པ་དང་། དེང་སང་བོད་ནང་གནས་སྟངས་ཛ་དྲག་ཡིན་ནའང་། གཞིས་ལུས་བོད་མི་རྣམས་ཀྱིས་རང་གི་སྲོག་ཉེན་ལ་མ་འཛེམས་པར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་ཅེས་དང་། ཡང་ཁོང་གིས་བོད་ནང་ཡོད་པའི་གཞོན་སྐྱེས་མི་རབས་ཚོས་༸གོང་ས་མཆོག་གི་གསེར་ཞལ་དངོས་སུ་མཇལ་མྱོང་མེད་ཀྱང་། ཁོང་ལ་རེ་བ་དང་ཡིད་ཆེས་བློས་གཏད་ཀྱིས་མགོན་པོ་གང་ཉིད་མཆོག་བོད་ནང་གང་མྱུར་༸ཞབས་སོར་འཁོད་ཐུབ་རྒྱུའི་རེ་བ་ཆེན་པོ་བཅངས་བཞིན་ཡོད་ཅེས་གསུངས་པ་དང་སྦྲགས་སྐུ་མགྲོན་ཡོངས་ལ་སྐུའི་འཁྲུངས་སྐར་གྱི་འདུ་འཛོམས་མཛད་སྒོར་ཕེབས་པར་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་ཚོགས་སྐྱིད་ཁག་དང་། སྒེར་པ་བཅས་ནས་རང་རང་སོ་སོའི་ཡུལ་ལུང་གི་གཞས་སྣ་འཁྲབ་སྟོན་གནང་བའི་ཐོག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད། དེ་བཞིན་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༣ རེས་གཟའ་སྤེན་པའི་ཉིན་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་གཞུང་ཞབས་རྣམ་པ་དང་། བཀའ་ཟུར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྒྱུན་ལས། ཧི་མ་ལ་ཡའི་རི་བརྒྱུད་ཚོགས་པ་ཁག་གི་སྐུ་ཚབ། ཆོས་ཚོགས་ཁག་གི་སྐུ་ཚབ་བཅས་སེར་སྐྱ་མི་མང་ ༡༠༠༠ ལྷག་ཙམ་མཉམ་ཞུགས་གནང་བའི་མཛད་སྒོར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཁུར་གསུམ་ངོ་སྤྲོད་དང་འབྲེལ་བོད་མི་རྣམས་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་སྙིང་བཅངས་དགོས་པ་དང་། བོད་ནང་གི་ད་ལྟའི་གནས་སྟངས་ཧ་ཅང་གི་དམ་བསྒྲགས་དང་ཛ་དྲག་ཡིན་པ་ཡང་ཡང་ཚོར་ཐུབ་པ་དགོས་པའི་གསུང་བཤད་གནང་ཡོད་པ་མ་ཟད། འབྱུང་འགྱུར་བཀའ་ཁྲི་དང་། སྤྱི་འཐུས་འོས་བསྡུའི་སྐབས་རང་ལོ་ ༡༨ ཡན་གྱི་བོད་མི་ཚང་མས་ངེས་པར་དུ་ཆ་ཤས་ལེན་དགོས་པའི་འབོད་སྐུལ་ཡང་གནང་ཡོད། དེ་རྗེས་ཆོལ་གསུམ་ཟློས་གར་ཚོགས་པ་དང་། རེས་གཟའ་ཉི་མའི་སློབ་གྲྭའི་སློབ་ཕྲུག་སོགས་ནས་རིག་གཞུང་འཁྲབ་སྟོན་དང་། ཉིན་རྒྱབ་སྐབས་ ༡༢ པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་མི་གྲངས་ ༡༣ འོས་འདེམས་བྱས་ཤིང་། འོས་འཕེན་མཁན་ཁྱོན་མི་གྲངས་ ༧༠༠ བྱུང་འདུག་པ་བཅས།།