༢༠༡༨ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་གསར་པ་འཆར་ལ་ཉེ་བའི་སྐབས་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་གནང་བའི་ནང་འཁོད་དོན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་བ་མ་ཟད། སང་ཉིན་ཕྱི་ལོ་གསར་པ་འཆར་ཡོང་གི་ཡོད་པ་རེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་དང་བོད་དོན་ལ་རྒྱབ་སྐྱོར་དང་། དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གི་བརྟན་བཞུགས་སྐབས་གསོལ་བ་སྨོན་ལམ་བཏབ་པ་བཞིན། རྣམ་པ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱ་དང་བཅུ་གསུམ་ལས་ལྷག་བཞུགས་པའི་ཐུགས་སྨོན་གནང་རོགས། ང་ཚོས་སྤྱི་པའི་བསོད་ནམས་གསོག་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། བླ་མ་དང་སློབ་མའི་དབར་དམ་ཚིག་གཙང་མ་ཡོང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་རིགས་སྤུན་ཟླ་ནང་ཁུལ་ལ་མཐུན་སྒྲིལ་དང་ཆིག་སྒྲིལ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེ་དག་བྱེད་ཐུབ་པ་ཡིན་ན། གཞིས་ལུས་བོད་མི་ཚོའི་མངོན་འདོད་ཏན་ཏན་བསྒྲུབ་ཐུབ་ཀྱི་རེད་བསམ་གྱི་འདུག གཞིས་ལུས་བོད་མི་ཚོའི་མངོན་འདོད་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། རང་དབང་སླར་གསོ་གནང་རྒྱུ་དེ་རེད། དེ་འགྲུབ་པར་ཤོག་ཅེས་སྨོན་ལམ་དང་སྦྲགས། ཕྱི་ལོ་གསར་ཚེས་ལ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུངས། །