ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་རྒྱབ་ཤ་དཀར་པོའི་ཡིག་ཆ་བཏོན་པ་དེར་དམིགས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་བ་བརྒྱུད་ལན་ཡིག་ཆ་འདོན་སྤེལ་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཕྱི་དྲིལ་དྲུང་འཕར་ཚེ་དབང་རྒྱལ་པོ་ཨརྱ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། ཕྱི་དྲིལ་ཕབ་སྒྱུར་ཚན་པའི་འགན་འཛིན་དོན་གྲུབ་རྒྱལ་པོ་ལགས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠ ཚང་འཛོམས་ཀྱིས་ཐོག་མར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན། གསར་འགོད་ལྷན་ཚོགས་བསྐྱང་དགོས་དོན་ནི། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༨ ཉིན་ལ་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་ཡིག་ཆ་དཀར་པོ་བཏོན་ཡོད། སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཚན་པའི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་སྐབས་ཐོག་ལན་འདེབས་ཤིག་བཏོན་ཟིན། རྒྱ་ནག་གཞུང་གིས་བཏོན་པའི་ཡིག་ཆ་དེ་ལྟར་ན་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་ཡར་རྒྱས་ཇི་ལྟར་བཏང་ཡོད་སྐོར་རྫུན་སྒྲིག དངོས་ཡོད་གནས་སྟངས་དང་གཏན་ནས་མ་འཚམ་པའི་གནས་སྟངས་དེ་དག་གསལ་འདོན་གནང་ཡོད། གནས་ཚུལ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་ཞིབ་ཕྲ་བཀོད་ཟིན་པ་རེད། ཅེས་སོགས་ཀྱི་ངོ་སྤྲོད་གནང་།
དེ་རྗེས་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དང་ལན་འདེབས་ཚོགས་ཆུང་གི་འགན་འཛིན་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་གསུང་དོན། རྒྱ་གཞུང་གི་བོད་ཀྱི་ཁོར་ཡུག་ཐོག་ཡིག་ཆ་དཀར་པོ་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཚན་པའི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་དེ་འབྲེལ་ལན་འདེབས་སྙིང་བསྡུས་ཤིག་གནང་ཡོད། རྒྱ་ནག་གི་བོད་ཀྱི་ཁོར་ཡུག་ཐོག་ཡིག་ཆ་དཀར་པོ་འགྲེམས་སྤེལ་གནང་བ་དེར་གལ་ཆེན་པོ་རྩི་བཞིན་ཡོད་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་གཏན་འབེབ་བྱས་པའི་སྲིད་བྱུས་ཤིག་ཡིན། དེའི་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་དངོས་ཡོད་དང་མཐུན་པའི་ཐོག་ནས་ཉམས་ཞིབ་ཞིབ་ཚགས་བྱས་པའི་ཐོག་ལན་འདེབས་ཤིག་གནང་ཡོད།
ལས་གཞི་འདི་ནི་ཕྱི་ལོ་ ༢༠༡༨ ལས་གཞི་ཞིག་ཆགས་བསྡད་ཡོད། ཕྱི་དྲིལ་ལས་ཁུངས་ཀྱིས་སྟངས་འཛིན་འོག་ལན་འདེབས་ཚོགས་ཆུང་ཞིག་ཡོད། རྒྱབ་ལྗོངས་ཀྱི་གནས་ཚུལ་ཞིག་ཞུས་པ་ཡིན་ན། ཁོར་ཡུག་ཅེས་པ་ནི་ཆབ་སྲིད་དང་འབྲེལ་བ་མེད། ཁོར་ཡུག་ནི། འཛམ་གླིང་འདིའི་སྟེང་གནས་པའི་མི་ཙམ་མ་ཟད། སྲོག་ཆགས་ཡོངས་རྫོགས་དང་འབྲེལ་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད། བོད་ནི་འཛམ་གླིང་གི་མཐོ་སྒང་ཞིག་ཡིན། བོད་མཐོ་སྒང་གི་ཁོར་ཡུག་ཐོག་འགྱུར་ལྡོག་ཕྲན་བུ་ཞིག་བྱུང་ཡང་དེའི་ཤུགས་རྐྱེན་བོད་ཙམ་མ་ཟད། རྒྱ་ནག་དང་དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་ཀྱིས་བོད་ཀྱི་ཁོར་ཡུག་ཐོག་རྒྱབ་ཤ་དཀར་པོའི་ལན་འདེབས་ཡིག་ཆ་དབུ་འབྱེད་གནང་ཡོད།
དེ་རྗེས་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་དཔེ་དེབ་ཀྱི་ནང་དོན་དང་འབྲེལ་བའི་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྟེ་གསར་འགོད་ལྷན་ཚོགས་གྲོལ།
བོད་ཀྱི་ཁོར་ཡུག་ཐོག་རྒྱབ་ཤ་དཀར་པོའི་ལན་འདེབས་ཡིག་ཆ་དེར་ལེ་ཚན་བརྒྱད་ཡོད་པ་རྣམས་ནི།
༡༽ གོ་ལ་སྤྱི་ཡོངས་ལ་བོད་མཐོ་སྒང་གི་གལ་གནད།
༢༽ རྒྱལ་རབས་ལོ་རྒྱུས་ཐོག་བོད་ནང་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས།
༣༽ གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་བོད་མཐོ་སྒང་ལ་ཤུགས་རྐྱེན།
༤༽ རྒྱ་ནག་གི་དབང་བསྒྱུར་འོག་བོད་ཀྱི་ད་ལྟའི་ཁོར་ཡུག་གནས་སྟངས།
༥༽ འགན་ཁུར་མེད་པའི་ཆུ་མཛོད་ཆེན་པོ་འཛུགས་སྐྲུན་བྱས་ཏེ་ཁོར་ཡུག་ལ་དོ་ཕོག་བཏང་བ་དང་མིའི་ཚེ་སྲོག་ལ་ཉེན་ཁ་བཟོས་པ།
༦༽ རྩྭ་ཐང་ཐོག་གི་སྐྱས་སྤོས་བོད་མིའི་འབྲོག་པ་རྣམས་བཙན་དབང་གི་གཏན་འཇགས་གཞིས་ཆགས་སུ་གནས་སྤོ་བྱེད་དུ་བཅུག་པ་དང་རྩྭ་ཐང་གི་བདག་པོ་རྣམས་དབུལ་ཞིང་ཕོངས་པར་གྱུར་བ།
༧༽ གད་སྙིགས་གང་སར་བདག་མེད་དུ་བཞག་པ། རྒྱལ་སར་ཁོ་ནར་གད་སྙིགས་གཙང་བཟོའི་ལས་གཞི་སྤེལ་བཞིན་པ།
༨༽ འབྱུང་བའི་གོད་ཆགས་ཇེ་མང་དུ་འགྲོ་བ་རྣམས་སྣང་ཆུང་རྒྱ་ཡན་དུ་བཏང་ནས་ཛ་དྲག་ངལ་སེལ་ལས་གཞི་མ་སྤེལ་བ། བཅས་ཚན་པ་བརྒྱད་ཡོད་འདུག་པ་བཅས། །