ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༨ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་བཞུགས་ཁྲིའི་སྟེང་༸ཞབས་སོར་འཁོད་པ་དང་བསྟུན་གསུང་ཆོས་ཀྱི་སྦྱིན་བདག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་ཀམ་བྷོ་ཊི་ཡའི་དགེ་སློང་ཁག་གཅིག་ནས་བཀྲ་ཤིས་པའི་མདོ་གསུང་རྗེས། རྒྱ་གར་བའི་སློབ་ཕྲུག་ཁག་གཅིག་ནས་ལེགས་སྦྱར་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བསྟུན་ཐེ་ཝན་སྐྱ་སེར་ཕོ་མོ་ཁག་གཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་།
དེ་ཡང་གོང་ཚེས་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་ཐོག་དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང་། གླིང་རིན་པོ་ཆེ་སོགས་རིས་མེད་དགོན་སྡེ་ཁག་གི་མཁན་པོ་ལས་ཟུར་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཆོས་རིག་བཀའ་བློན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྐྱ་སེར་ཕོ་མོ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༧༣ ཙམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཁྲི་གསུམ་ལྷག་ཕེབས་པའི་དབུས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དགའ་ལྡན་ཤར་བྱང་གཉིས་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། དེ་རིང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ ༣༠ འཁོར་བའི་དགོངས་རྫོགས་ཉིན་མོ་ཡིན་པས་འདས་མཆོད་ཆེད་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་གསུང་ན་དྲན་བྱུང་། དེ་རྗེས་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ། ཆུང་ཆུང་སྐབས་ལུག་རྫི་གནང་བའི་སྐབས་ལ། ཉིན་ཞིག་ཁོང་གིས་མདུན་ལ་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་ནག་པོ་ཡིན་པ་ཞིག་ཞལ་གཟིགས་པ་རེད།
དེ་ནས་བཟུང་སྟེ་དུས་རྟག་ཏུ་རྗེ་བཙུན་འཇམ་དབྱངས་ཀྱིི་ཞལ་གཟིགས་བསྡད་པ་རེད། བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ཞེས་བྱུང་བ་རེད། འཇམ་དབྱངས་ཆོས་སྐོར་གྱི་དག་སྣང་དེ་ལྟར་བྱུང་བ་རེད། ཅེས་བཀའ་སློབ་སྩལ།
དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་གནད་ལ་ཤེས་ནས་དད་པ་ཐོབ་ཐུབ་པ་བྱེད་དགོས་པའི་སྐོར་དང་། གཞན་ཡང་དམིགས་བརྩེ་མ་ཕྲེང་སྐོར་རེ་དང་ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཕྲེང་སྐོར་རེ་མ་ཆད་པར་བགྲང་དགོས། ཚིག་བགྲངས་པ་ཙམ་མ་རེད། གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་སྐོར་བསམ་བློ་གཏོང་དགོས་པ་དེ་གལ་ཆེ་ཤོས་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་ཆུ་ཚོད་ ༡༡།༢༢ ཙམ་ལ་རྗེས་གནང་ལེགས་པར་གྲོལ།
བཀའ་ཆོས་འདི་ཉིད་གཙོ་བོ་ཨིན་ཇི་དང་། ཧིན་སྐད། རྒྱ་སྐད། ཀོ་རི་ཡ། སི་པན། ཕ་རན་སི། ར་ཤི་ཡ། ཝི་ཏི་ནམ། ཨི་ཊ་ལི། པོར་ཇུ་གྷལ། སོག་སྐད། རྫོང་ཁ་སྟེ་འབྲུག་པའི་སྐད་བཅས་སྐད་རིགས་མི་འདྲ་བ་བཅུ་བཞིའི་ནང་གསུང་སྒྱུར་གནང་བཞིན་ཡོད། ཕྱོགས་མཚུངས་བཀའ་ཆོས་དེ་ཉིད་དགའ་ལྡན་ཕོ་བྲང་གི་དྲ་ལམ་བརྒྱུད་ཐད་གཏོང་གནང་བཞིན་ཡོད་པ་བཅས། །